མདུན་ངོས། » གསར་རྩོམ། » ཕྱིས་རྩོམ། » མཁན་ཟུར་ཤེས་རབ་མཐར་ཕྱིན་རིན་པོ་ཆེའི་དགུང་སྟོན་ཆེད་དུ་ཕུལ་བ་བུང་བ་རྩེན་པའི་ཟློས་གར་ཞེས་བྱ་བ་བཞུགས་སོ། །

མཁན་ཟུར་ཤེས་རབ་མཐར་ཕྱིན་རིན་པོ་ཆེའི་དགུང་སྟོན་ཆེད་དུ་ཕུལ་བ་བུང་བ་རྩེན་པའི་ཟློས་གར་ཞེས་བྱ་བ་བཞུགས་སོ། །

 

མཁན་ཟུར་ཤེས་རབ་མཐར་ཕྱིན་རིན་པོ་ཆེའི་དགུང་སྟོན་ཆེད་དུ་ཕུལ་བ་བུང་བ་རྩེན་པའི་ཟློས་གར་ཞེས་བྱ་བ་བཞུགས་སོ། །

 

རྒྱལ་ཀུན་བསམ་མི་ཁྱབ་པའི་ཡོན་ཏན་མཛོད། །
གཅིག་འདུས་ཚེ་སྦྱིན་ཡིད་བཞིན་འཁོར་ལོ་ཡིས། །
གང་གི་གསང་གསུམ་བསྟན་འགྲོའི་དཔུང་གཉེན་དུ། །
མི་ཤིག་གཡུང་དྲུང་ཁམས་སུ་བརྟན་པར་གསོལ། །

 

རྨོངས་པའི་དྲ་བ་གཅོད་ལ་རལ་གྲི་བཞིན། །
ཤེས་རབ་གསུམ་གྱིས་ཤེས་བྱ་ཇི་བཞིན་གཟིགས། །
རྒྱལ་སྲས་སྤྱོད་པ་ངལ་མེད་མཐར་ཕྱིན་པའི། །
ངེས་དོན་བླ་མའི་སྙན་པ་དེང་འདིར་ཐོས། །

 

 

འཁོར་བའི་མལ་དུ་གཟིམས་པའི་བས་མཐའ་ནས། །
ངེས་འབྱུང་ཀི་སྒྲས་རྣལ་ལས་བསླངས་པའི་མོད། །
བྱང་སེམས་ཡན་ལག་བརྒྱད་ལྡན་ཆུ་བོ་ཡིས། །
ཐུགས་རྒྱུད་ཞིང་ས་བརླན་གང་རྨད་དུ་བྱུང་། །

 

རྨོངས་པའི་གཙུག་ཏུ་བདེ་བར་ངལ་བསོས་པའི། །
བླ་མའི་ཐ་སྙད་གཱངྒའི་རྡུལ་གྲངས་བཞིན། །
རྙེད་བཀུར་རླུང་གིས་སྤུར་དང་མཚུངས་མིན་པར། །
རབ་འབྱམས་བསྟན་འཛིན་བློ་གྲོས་ཞེས་གྲགས་པ། །

 

 

ལེགས་བཤད་ནོར་གྱིས་ཕྱུག་པའི་དེད་དཔོན་དེའི། །
མགོན་དང་བཅས་ཏེ་མདོ་སྔགས་གཞུང་ལུགས་ལ། །
ཤེས་རབ་རྣམ་གསུམ་སྦྱངས་པའི་སྐྱེས་མཆོག་གང་། །
བསྔགས་པ་བརྗོད་ལ་སུ་ཞིག་གཤུང་བར་བྱེད། །

 

འཕྲལ་གྱི་བདེ་སྡུག་ཕྲ་མོའི་རྦ་རླབས་ཀྱིས། །
རྣམ་པར་གཡོ་བའི་སེར་གཟུགས་གསེར་མིག་ཁྱུ། །
བདེན་རྫུན་རོ་སྙོམས་བ་ཚའི་རྒྱ་མཚོ་རུ། །
ཡོངས་སུ་ནུབ་པའི་ཚུལ་དང་མི་འདྲ་བར། །

 

 

བསྐལ་མང་རྨད་བྱུང་ཐུགས་བསྐྱེད་མར་ཞིའི་མདངས། །
ནོར་འཛིན་འོག་ནས་ལྷམ་མེར་འཚེར་བའི་འོད། །
རི་ཆུ་འབུམ་ཕྲག་བརྒལ་བའི་ས་མཐའ་རུ། །
དཔྱོད་ལྡན་མིག་གི་བདུད་རྩིའི་མཆོད་ཡོན་བསྒྲུབས། །

 

ཆ་རྒྱུས་ཡོད་མེད་མངོན་ལྐོག་གཉིས་ཀྱི་བརྒྱུད། །
ཆ་མེད་མགོ་སྐོར་བྱེད་པའི་དེང་དུས་སུ། །
ཆ་ཚང་དཀྲོག་གཏམ་སྤེལ་བའི་གཏམ་གྱིས་ནི། །
ཆ་ཤས་ཙམ་ཡང་འདི་ལ་དོ་ཟླ་དབེན། །

 

 

རྙེད་བཀུར་སྙིང་ཆེན་མྱོས་པའི་ཞུམ་བུ་ཡིས། །
རང་རིགས་ནགས་ཀྱི་གདོང་ལྔའི་བུ་བརྒྱུད་དུ། །
ཡང་ཡང་བསྒྲུབ་པའི་གཏམ་གྱི་སྦྱོར་བ་ཡིས། །
བྱི་བ་ཟིལ་གྱིས་གནོན་དང་འདི་མི་མཚུངས། །

 

ཀླ་ཀློའི་ལྟ་བ་དར་བའི་སྙིགས་དུས་སུ། །
ངུར་སྨྲིག་འཛིན་པ་རིན་ཆེན་དང་པོ་བཞིན། །
དེ་བས་བསྟན་དོན་ཤེས་པ་དཀོན་པའི་དུས། །
རྒྱང་རིང་ཡུལ་ནས་ཉན་བྱེད་གཏད་པའི་ཚེ། །

 

 

གངས་ལྗོངས་དབང་ཕྱོགས་ཤར་གྱི་རི་སུལ་ན། །
གཤེན་བསྟན་དགའ་མལ་དགོན་ཆེན་ཞེས་གྲགས་པ། །
ནང་དོན་རིག་པར་རྟག་ཏུ་འགྲུས་པ་ཞིག །
ལང་ཚོ་དར་བའི་དུས་ནས་ཅི་ཡང་ཐོས། །

 

ཕྱོགས་ཀྱི་འདུས་སྡེ་གཏོ་ཆོག་རིམ་གྲོ་དང་། །
ཟང་ཟིང་སྒྱུ་མའི་ནོར་ལ་བྲེལ་བའི་ཚེ། །
གསུང་རབ་འཆད་རྩོམ་བྱེད་པའི་དགའ་མལ་དགོན། །
ངོ་མཚར་ལོ་རྒྱུས་བསེར་བུའི་བརྒྱུད་ནས་ཐལ། །

 

 

སྟོད་སྨད་བླ་གཟུགས་གྲོང་དུ་ཉུལ་བའི་ཚེ། །
དམ་པས་བཞེངས་པའི་དགའ་མལ་དགོན་ཆེན་གྱི། །
གྷནྡོ་ལ་རུ་ཕོག་པའི་ཉི་འོད་ཀྱིས།
ལྟད་མོ་བ་ཡི་མིག་ལ་ཚེར་མ་བཞིན། །

 

ཁམས་གསུམ་འགྲོ་བའི་སྐྱབས་སུ་བཀུར་བའི་རིགས། །
ཡིག་རྨོངས་ཅན་དུ་ཁྱིམ་ན་གནས་པའི་ཚེ། །
དགོན་ཆེན་དེ་ནས་བརྩམས་པའི་རིག་ལམ་གཞུང་། །
མཁས་ལ་ལེགས་བཤད་སྐྱེས་བཟང་སྤེལ་བ་མཐོང་། །

 

 

ལེགས་བཤད་དོན་གཉེར་ཆེ་བའི་དགོན་དེ་ནས། །
ཕྱོགས་ཀྱི་མཁས་པ་མགྲོན་དུ་འབོད་པའི་ཚིག །
ཡང་ཡང་བསྐུལ་བའི་གཏམ་གྱི་སྦྱོར་བ་ནི། །
ཆུང་དུས་ཐོས་འཛིན་བདུད་རྩིའི་སྣོད་དུ་བྱས། །

 

དེང་དུས་ཕལ་ཆེར་གཞན་དག་མཐོང་བ་དཀའ། །
གཞན་གྱིས་བསྒྲུབས་པ་ལ་ཡང་རིན་ཐང་དཀའ། །
དེ་བས་རང་རིགས་མིན་ན་མགུ་བ་དཀའ། །
དེ་ཕྱིར་དོན་ཡོད་འགྱུར་བ་ཤིན་ཏུ་དཀའ། །

 

 

རང་གི་ས་ན་རང་ཉིད་རིན་ཐང་ཆེ། །
རང་རང་བློ་ལ་རང་གི་བྱ་བ་ཆེ། །
རྨོངས་ཞེན་ཅན་ལ་ཧམ་སེམས་སུ་བས་ཆེ། །
གཟུ་བོས་བལྟས་ན་འགའ་ཞིག་ཕྱོགས་ལྷུང་ཆེ། །

 

ད་དུང་དངུལ་དངོས་མེད་ན་བྱ་བ་ཆུང་། །
ངོ་བསྟོད་མེད་ན་དེ་བས་དོན་གོ་ཆུང་། །
རྩོམ་ཡིག་འདི་ཡི་བརྗོད་བྱའི་ས་ཁྱོན་ཆུང་། །
དེ་ཕྱིར་མཐའ་དག་བརྗོད་པའི་སྤོབས་པ་ཆུང་། །

 

 

འདི་ན་བདེན་དོན་སྨྲ་བའི་གླེང་སྟེགས་སུ། །
འདི་ཞེས་བཏགས་པའི་རྫུན་ཚིག་མེད་པས་ན། །
འདི་ནི་བཅོས་མིན་རང་བཞིན་བརྗོད་པ་སྟེ། །
འདིས་ནི་དམ་པའི་སྐྱེས་བུ་མཉེས་བྱེད་ཤོག །

ཅེས་མདོ་སྨད་ཤར་ཁོག་གཤེན་བསྟན་དགའ་མལ་དགོན་གྱི་མཁན་ཟུར་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་དགུང་གྲངས་བརྒྱད་ཅུར་ཕེབས་པའི་ཤིས་ཚིག་ཏུ་རྒྱལ་ས་པེ་ཅིང་ནས་རིན་སྤུངས་པས་ཆེད་དུ་གསུང་བསྐུལ་གནང་བ་ལྟར་རི་བོ་ཧི་མ་ལ་ཡའི་བརྒྱུད་དུ་གནས་འཆའ་བ་པོ་དྲང་སྲོང་རྣམ་རྒྱལ་གྱིས་ཕྱི་ལོ་༢༠༡༢ཟླ་༥ཚེས་༤ཉིན་བྲིས། །