མདུན་ངོས། » གསར་རྩོམ། » རང་རྩོམ་བོད་གཞས་ཁག། » བླ་མ་ཉི་མ་བློ་གྲོས་མཆོག་རྗེས་སུ་དྲན་པ།

བླ་མ་ཉི་མ་བློ་གྲོས་མཆོག་རྗེས་སུ་དྲན་པ།

 

བླ་མ་ཉི་མ་བློ་གྲོས་མཆོག་རྗེས་སུ་དྲན་པ།

 

རྣམ་འདྲེན་དུ་མའི་སྤངས་དང་རྟོགས་པའི་འོད། །
འགྲོ་བའི་སྒྲོན་མེ་ཉི་མའི་གཟུགས་ཤར་ནས། །
སྐལ་ལྡན་གདུལ་བྱའི་བློ་གྲོས་པད་མོའི་ཚལ། །
ཅི་དགར་བཞད་པའི་མགོན་པོ་མཆོག་ལ་འདུད། །

 

ངེས་པར་འབྱུང་བའི་ས་གཤིན་བཟང་པོ་རུ། །
གཡུང་དྲུང་སེམས་ཀྱི་མྱུ་གུ་འཁྲུངས་པ་གང་། །
དད་གཏོང་ཚུལ་ཁྲིམས་གྲོགས་དང་ལྷན་ཅིག་ཏུ། །
དགེ་ལེགས་འབྲས་བཟང་ཅན་གྱི་བཤེས་དེར་བསྟོད། །

 

 

བདག་ཏུ་འཛིན་པའི་མུན་པ་སྟུག་པོ་ཡི། །
གཉེན་པོ་ཤེས་རབ་ཡེ་ཤེས་བསྐྱེད་པའི་མཆོག །
མ་ནོར་ལམ་བཟང་སྟོན་པའི་བཤེས་གཉེན་ལ། །
རབ་བསྟེན་ཐོས་པའི་སྒྲོན་མེ་སྤར་ལ་འདུད། །

 

མང་དུ་ཐོས་ལ་ཆོག་ཤེས་མེད་པ་ཡིས། །
ཡང་དག་རིགས་པས་ཡང་ཡང་དཔྱད་པའི་བློས། །
རྣམ་དག་གཞུང་ལུགས་མ་ནོར་གཟིགས་པ་ཡི། །
བསམ་པའི་ཤེས་རབ་སྦྱངས་པ་ཁྱེད་ལ་འདུད། །

 

 

ཐོས་བསམ་རིག་པའི་རྩལ་ལ་སྦྱངས་པའི་དོན། །
ཐིག་ལེ་ཉག་གཅིག་དོན་ལ་ཉིན་མཚན་དུ། །
རྒྱུད་ཐོག་ཡང་ཡང་གོམས་པའི་སྐྱེས་བུ་མཆོག །
ཉི་མའི་མཚན་འཆང་ཁྱེད་ནི་འགྲོ་བའི་སྐྱབས། །

 

འོད་སྟོང་ལྡན་པ་གདོད་ནས་དྲི་བྲལ་ཡང་། །
དུས་འགྱུར་སྒྲ་གཅན་ཁ་རུ་ཚུད་པའི་དུས། །
འཛམ་བུ་ཆུ་གསེར་ས་འོག་སོང་འདྲ་བ། །
འདི་ནི་བསྟོད་པ་ཀུན་ལས་རྨད་དུ་བྱུང་། །

 

 

ད་ནི་ཞིང་གཞན་གཤེགས་པའི་ཚུལ་བསྟན་ཀྱང་། །
རྒྱལ་འཕགས་འགྲོ་དོན་འགག་མེད་ཐུགས་རྗེ་ཡིས། །
དད་དམ་རྟེན་འབྱུང་འབྲེལ་བའི་གདུལ་བྱའི་དོན། །
སླར་ཡང་ཞིང་འདིར་འབྱོན་པའི་སྨོན་འདུན་ཞུ། །

དབུ་རི་དགེ་བཤེས་སྦྱིན་པ་བསྟན་འཛིན་ནས་གསུང་སྐུལ་གནང་བ་ལྟར་བལ་ཡུལ་དུ་བྲིས།