མདུན་ངོས། » གསར་རྩོམ། » གནའ་རྩོམ། » ཤེས་རབ་ལྷ་མཆོག་སྨྲ་བའི་སེང་གེའི་མཆོད་བསྟོད།

ཤེས་རབ་ལྷ་མཆོག་སྨྲ་བའི་སེང་གེའི་མཆོད་བསྟོད།

ཤེས་རབ་ལྷ་མཆོག་སྨྲ་བའི་སེང་གེའི་མཆོད་བསྟོད་ཨུདྤལ་ལའི་འཕྲེང་བ་བཞུགས།
མཉམ་མེད་ཤེས་རབ་རྒྱལ་མཚན།

 

ཨེ་མ་ཧོ། །ཀུན་སྐྱོབས་མཐུ་ལྡན་བློ་གྲོས་གཏེར་འཛིན་སྨྲ་བའི་སེང་གེ་ཐུགས་རྗེ་ཅན། །མཚན་དཔེ་རབ་རྫོགས་གུར་གུམ་མདོག་དམར་ཞལ་གཅིག་ཕྱག་གཉིས་འཛུམ་མདངས་ལྡན། །སྟོང་གསུམ་ཀུན་གྲགས་སྒྲ་རྒྱལ་འབྲུག་གི་ཁྲི་ལ་རོལ་པའི་འགྱིང་བག་ཅན། །འཕྲུལ་ཆེན་ཡི་གེ་བཞི་བཅུས་རབ་སྤྲས་བཀྲ་གསལ་ན་བཟའ་ལེགས་པར་བགོས། །རྒྱུད་ལུང་མན་ངག་སྡེ་སྣོད་ཀུན་འབྱུང་གཏོ་ཡི་བཀའ་སྒྲོམ་རབ་ཏུ་འགེལ། །ཕྱག་གཡས་སྔོན་དམར་ཤེས་རབ་རལ་གྲིས་འཁྲུལ་རྟོག་བདག་འཛིན་རྩད་ནས་གཅོད། །གཡོན་པས་གསལ་བའི་སྒྲོན་མེས་འགྲོ་བ་མ་རིག་བློ་མུན་སེལ་བར་མཛད། །གཡས་གཡོན་ཕྲག་གཉིས་འབར་བའི་ཉི་ཟླ་ཐབས་ཤེས་ཟུང་འབྲེལ་ཚུལ་དུ་བརྗིད། །གཡུ་ཡི་ཟུར་ཕུད་རིགས་ཀྱི་རྟགས་སོགས་ཞི་རྒྱན་མཛེས་པའི་རྒྱན་གྱིས་བརྒྱན། །ལེགས་པ་ཀུན་འབྱུང་རྒྱལ་དང་རྒྱལ་སྲས་ཐམས་ཅད་འདུས་པའི་ངོ་བོ་ཉིད། །མཐའ་རིང་འཁོར་བའི་རྒྱ་མཚོ་འདི་ལས་ཉེ་བར་སྒྲོལ་མཛད་ཕྲིན་ལས་ཅན། །ལུས་ངག་ཡིད་གསུམ་སྒོ་ནས་དྭངས་བས་ཁྱེད་ལ་རབ་ཏུ་ཕྱག་བགྱིས་པས། །མི་ཕམ་རྒྱལ་མཛད་དགྱེས་པའི་ཞབས་པད་བདག་གི་སྤྱི་བོར་མྱུར་དུ་ཞོག །དམ་པར་སྨད་པའི་ལས་རྣམས་གང་བགྱིས་སྤྱན་སྔར་བཤགས་སོ་བཟོད་པར་གསོལ། །ཕུན་ཚོགས་ལྡན་ཀྱང་དངོས་འབྱོར་ཡིད་སྤྲུལ་མཆོད་ཚོགས་འབུལ་ལོ་ཐུགས་རྗེ་བཞེས། །ཉིན་མཚན་ཀུན་ཏུ་འདུན་པས་བསམ་ཀྱང་ད་རུང་ཁྱེད་ཀྱི་ཐུགས་རྗེའི་ཤུགས། །ཅུང་ཟད་མེད་སྙམ་འོན་ཀྱང་བདག་གི་ཉེས་པའི་སྐྱོན་གྱི་སྒྲིབ་པར་ཟད། །རབ་འབྱམས་ཤེས་བྱའི་ཚོགས་ཀུན་ཀུན་གསལ་བློ་གྲོས་བདག་ལ་མྱུར་དུ་སྩོལ། །བདག་ལ་མགོན་བྱེད་རེ་ས་ཁྱེད་ལས་ལྷག་པའི་གཞན་ན་སུ་མེད་པས། །དུས་རྣམ་ཀུན་ཏུ་མི་འབྲལ་ཁྱེད་ཀྱི་ཐུགས་རྗེས་བདག་ལ་ཟུངས་དུ་གསོལ། །བདག་གིས་གཞན་ཕྱིར་བཀའ་ཡི་འཁོར་ལོ་བསྐོར་ཞིང་འགྲོ་རྣམས་མྱུར་སྒྲོལ་ཤོག། །།