མདུན་ངོས། » གསར་རྩོམ། » འཕྲིན་ཡིག་ཆབ་ཤོག » དགེ་བཤེས་ཤེས་རབ་རྒྱ་མཚོའི་ཆབ་ཤོག་ཅིག

དགེ་བཤེས་ཤེས་རབ་རྒྱ་མཚོའི་ཆབ་ཤོག་ཅིག

 

དགེ་བཤེས་ཤེས་རབ་རྒྱ་མཚོའི་ཆབ་ཤོག་ཅིག

 

ཡོངས་འཛིན་ཁྲི་བྱང་རིན་པོ་ཆེར་གནང་བ།

སྙེམས་པའི་གོང་བུ་མོག་དང་མོག །
པོར་མཛད་མཛད་པ་སྲིད་ན་རྒྱལ། །
མོག་གི་དང་པོ་ག་ལིང་དང་། །
གཉིས་པ་བ་ཡང་ཛམྦུའི་གསེར། །
གཞན་མོག་ཅི་སྐྱོན་རང་འོད་ཀྱིས། །
ཉི་མའི་ཉིང་ཁུར་འབར་གྱུར་ཅིག །
ཀ་ཡིག་ཤོད་ཀྱི་རྗེས་ཁྲིད་ཅན། །
ཡན་ལག་དམ་པ་བདེ་པོ་དང་། །
བཀྲས་བྱུང་མཁན་པོ་ཆུང་བའི་འཕྲིན། །
སྔ་ཕྱིར་རྒྱ་དང་འགྲོགས་ཏེ་འོང་། །
བཀྲས་ཀྱི་སྔ་ལ་ཀ་ཡི་འཕྱི། །
དེ་ཡང་བརྒྱུད་དེ་དངོས་སུ་མིན། །
གཉིས་པའི་རྐང་པ་གཉིས་པ་ལ། །
རྟ་འཕྲ་དྲག་ཏུ་བསྣུན་པ་དང་། །
གུར་ཀུམ་མཚལ་ཆེན་མཆོད་པ་དང་། །
འབྱུང་འགྱུར་པདྨའི་ཐེ་འུ་སོགས། །
མིག་གི་བདུད་རྩིས་ཡིད་དབང་སྨྱོས། །
ད་དུང་མ་སངས་མི་སངས་བཟོ། །
འཇང་ལ་འཇམ་དབྱངས་འབྱུང་བའི་སླད། །
ཉིས་སྟོང་རེ་རེར་སུམ་ཅུ་རེ། །
དྲན་མ་མྱོང་བའི་དྲན་སྒོ་འདིར། །
རྒན་པོས་རིང་ནས་མགོ་བོ་སྒུར། །
ངག་རྩོམ་པོད་གཉིས་ཕུལ་ལགས་ཏེ། །
དགོན་གསར་སྤྲུལ་པའི་སྐུ་ལ་འོ། །
དེང་སང་ཕྱག་གི་རྩེ་མོ་ན། །
ངོ་མཚར་འཕྱོར་སྒེག་བྱེད་དམ་སྙམ། །
ལེགས་བཤད་མཁས་པའི་བློ་གྲོས་ཀྱིས། །
གོ་ཡི་བླུན་པོས་དེ་ལྟ་མིན། །
གསུངས་པའི་དོན་གྱི་གོ་ལུགས་ལའང་། །
ཕྲ་རབ་ཕྱོགས་ཀྱི་ཆ་མེད་ནས། །
རི་རབ་ལྷུན་པོ་ལྟ་བུའི་བར། །
རིང་ཐུང་ཆེ་ཆུང་བསམ་མི་ཁྱབ།  །
བཅད་ལྷུག་རྐང་པ་རེ་རེར་ཡང་། །
སྡེབ་ཏུ་སྦྱོར་བ་མཆོག་གི་ཉམས། །
འདྲ་ལ་འདྲ་མིན་མཐའ་ཡས་ཏེ། །
ད་ལྟའི་ཕལ་གྱི་སྣང་ངོ་ན། །
གསེར་བོང་མཉམ་ཉིད་བློ་རེ་ཕམ། །
ཁོ་བོར་གཞུང་ནས་མི་ཁོམས་པའི། །
རྦ་རླབས་ཁྲི་ཁུར་བརྩེགས་མོད་ཀྱི། །
དགེ་དགག་སླ་སྟེ་ཅིས་ཀྱང་དབུལ། །
གླིང་ཆེན་པོར་ཡང་དེ་ལྟར་ཞུ། །
གདན་སའི་འབྲུ་ཕོགས་གཙང་ན་ལེགས། །
ཕུབ་མ་འཕྱར་བ་མིང་ཙམ་ཡིན། །
མི་རེའི་རྣམ་གྲས་གཅིག་ཀྱང་མང་། །
མགོན་མེད་ཟས་སྦྱིན་བརྒྱ་ཡང་ཉུང་། །
འདི་ཀོ་གནད་ཀྱི་ཆེ་ས་སྟེ། །
རྣམ་པ་གཉི་གའི་ཐུགས་ལ་སྣོམས། །
རབ་རྒྱལ་མེ་སྤྲེལ་ཟླ་ཚེས་ལ་ཕུལ། །