མདུན་ངོས། » གསར་རྩོམ། » ཕྱིས་རྩོམ། » དགེ་ཆོས་རྗེས་དྲན།

དགེ་ཆོས་རྗེས་དྲན།


དགེ་ཆོས་རྗེས་དྲན།
       རང་རྩོམ་གངས་རིའི་བརྩེ་དུང་ནས་དྲངས།
             
          གངས་ལྗོངས་ཀེ་ལ་ཤ་རིའི་སྤོ་མཐོ་རུ། །  
          གངས་རིའི་དཔའ་བོ་གངས་ལྷ་མེ་ཏོག་ཅིག །
          གངས་ཅན་ལ་རྒྱའི་འདབ་བཟང་བཞད་པའི་ཚུལ། །
          གངས་ཅན་མགོན་པོས་བསྔགས་བརྗོད་ཆར་དུ་བསྙིལ། །

 

         

        རྣམ་ཀུན་རང་རིགས་དགེ་བའི་ཐབས་འཕྲུལ་ལ། །
          ཟོལ་མེད་འདུན་པས་ཆོས་སྲིད་ཕྲིན་ལས་ཆ། །
          འཕེལ་བ་ཀུན་རྗོགས་ཟླ་བ་རྒྱས་པ་ཁྱོད། །
          བསྟོད་ཚིག་མཆོད་ཡོན་བཤམས་ན་མི་འགལ་སྙམ། །
       
     

           རེབ་གོང་རིག་པ་འབྱུང་བའི་ནོར་འཛིན་གཞིར། །
          རིག་པའི་དཔའ་བོའི་གཟུགས་སྐུ་མྱ་ངན་མེད། །
          ངོ་མཚར་ལྟས་བཟང་དག་དང་ལྷན་ཅིག་ཏུ། །
          འཁྲུངས་པ་གང་དེ་གངས་ལྗོངས་ས་ཡི་རྒྱན། །

    

             རྣམ་དཔྱོད་འཇམ་དཔལ་དབྱངས་ལ་རབ་རྟོག་ཅིང། །
          ངག་རིག་ཚངས་པའི་སྲས་མོར་འཕྱ་བ་ཁྱོད། །
          དམ་པ་དུ་མས་བླ་མའི་ཡང་སྲིད་དུ། །
          ངེས་པ་རྙེད་པའི་ལོ་རྒྱུས་མེ་ལོང་བཞིན། །
        

          སྟོད་སྨད་འདུས་སྡེ་ཉེ་བའི་ཚལ་ནང་དུ། །
          གཞུང་ལུགས་སྦྲང་རྩིའི་མྱོས་པའི་བུང་བ་ཁྱོད། །
          ལུང་རིགས་གླུ་དབྱངས་དར་དིར་སྒྲོགས་པ་ན། །
          དྲེགས་ལྡན་མཁས་རྒུའི་ངོ་མཚར་འགོག་པ་ཐོས། །       

 

  

        གཞན་ལ་ལྕེ་བརྒྱ་སྤྲུལ་ནས་འཆད་ནུས་ཀྱང༌། །
          རང་གི་རྒྱུད་ཐོག་མེད་ན་དགེ་བཤེས་ཀྱི། །
          མིང་ལ་སྙིང་པོ་མེད་པར་འདོམས་པའི་ཕྱིར། །
          བྱོལ་བའི་ཐབས་ཚུལ་དང་དུ་བླངས་པར་གྲགས། །
        
  

        རང་རིགས་ཕན་པར་བཞེད་པའི་སྐྱ་རེངས་ཀྱིས། །
          རིག་པའི་ཉི་གཞོན་ས་མཐར་བསུས་པའི་མོད། །
          མཁས་པའི་ཤིང་རྟ་དག་དང་ལྷན་ཅིག་ཏུ། །
          ཤར་ནུབ་མཁའ་མཐའ་རིག་པས་བསྐོར་བར་སྣང༌། །

 

         གངས་རིའི་ཚལ་ནས་བརྟོལ་བའི་གངས་ཕྲུག་ཅིག །
          ས་མཐའི་ནགས་སུ་འབད་པས་བསྐྱོད་པའི་ཚེ། །
          ནོར་དང་གོ་ས་གཉེར་མིན་རང་རིགས་སླད། །
          ངལ་བ་བརྒྱ་ཕྲག་བརྒྱུད་འདི་རང་་བཞིན་རྒྱན། །
        

          སྒྱུ་མའི་གཉེན་པོར་འོས་པའི་ཚན་རིག་དང༌། །
          མཁའ་ལ་རྒྱུ་སྐར་བཀྲ་འདྲའི་ལོ་རྒྱུས་ཏེ། །
          ཟབ་མོའི་ཆུ་གཏེར་རབ་རྟོག་ཆོས་ལུགས་སོགས། །
          དཔྱད་པར་བྱ་བའི་གནས་ཀུན་ཁྱོད་ཀྱིས་འཇུག །

 

 

          ལྷ་ཡི་དབང་པོར་སྨོད་པའི་འཆད་པ་དང༌། །
          ཆོས་ཀྱི་གྲགས་པར་རྒོལ་བའི་རྩོད་པའི་སྒྲ། །
          དབྱངས་ལྡན་ངག་ལས་ཅུང་ཟད་དམན་པའི་རྩོམ། །
          གང་གི་མཁས་པའི་བྱ་བ་ཕུལ་དུ་བྱུང༌། །
        
 

         ལྷ་ཡི་སློབ་དཔོན་སྐལ་བཟང་འཕྲོག་བྱེད་པའི། །
          རང་གཞན་སྒྲ་རིག་རྒྱ་མཚོའི་མཐར་སོན་པས། །
          ལེགས་སྦྱར་བང་་མཛོད་ལེགས་བཤད་རལ་གྲི་ཡིས། །
          མཁས་རློམ་འབུམ་ཕྲག་དུས་གཅིག་གཞོམ་ལ་ལྟོས། །

 

         མན་ཤེལ་ནོར་བུའི་གཟུགས་དང་མཚུངས་པ་ཡི། །
          རྙེད་དཀའི་ཡིག་རྙིང་ཁུངས་བཅས་དེབ་ཐེར་དཀར། །
          ཆོས་རྒྱལ་རྣམ་གསུམ་མཚོན་པའི་རྒྱལ་པོའི་རབས། །
          ངོ་མཚར་སྡོམ་ཚིག་ས་ཡི་རྒྱན་དུ་ཆེ། །       
        

          ལས་ཀྱིས་འདོད་པས་འཚོ་བའི་ས་པ་འདིར། །
          བསྟན་བཅོས་བཀླགས་པ་དག་ལ་རགས་མིན་ཡང༌། །
          ཁྱིམ་པ་མགུ་བ་བསྐྱེད་པའི་སྐྱེས་ཀྱི་མཆོག །
          ཁྱེད་ཉིད་ལས་གཞན་དེ་ལྟ་ག་ལ་ཐོན། །

 

 

          བོད་རྒྱའི་ཕྲ་རགས་རང་བཞིན་མ་འདྲེས་པར། །
          གཏམ་རྒྱུད་གསེར་གྱི་ཐང་མའི་མེ་ལོང་དུ། །
          ལེགས་པར་ཤར་བ་གཟུར་གནས་ཤེས་ལྡན་ཀུན། །
          མིག་དབང་བདུད་རྩིའི་མཛོད་དུ་སྦྱིན་པར་མཛད། །
        

          གཞན་སྐད་སྣ་ཚོགས་བསྲེ་ལ་དགྱེས་མིན་པར། །
          རང་བཞིན་རྒྱན་གྱིས་གཞན་ཡིད་འགུགས་ནུས་པའི། །
          ཚིག་རྒྱན་རིག་པའི་ལྗགས་རྩོམ་སྐྱེད་ཚལ་ཆེར། །
          སྤྲོ་དགས་མི་རོལ་ཤེས་ལྡན་བུང་བ་སུ། །      

 

          ཨུཏྤལ་མཚན་ཉིད་དང་མཐུན་སྒྱུར་རྩོམ་དང༌། །
          ཛམ་བུ་ནཱ་དའི་དཔལ་མཉམ་ལྗགས་རྩོམ་སྟེ། །
          རྡུལ་ཕྲན་གྲངས་ལ་འཐབ་པའི་ལེགས་བཤད་ནི། །
          རེ་རེར་བརྗོད་ལ་ལྕེ་རྩེ་ངལ་བའི་རྒྱུ། །
       
 

         ས་མཐོའི་གངས་ལྗོངས་སྔ་ནས་འགྲན་མེད་པའི། །
          མི་ཡི་སྙིང་སྟོབས་དང་ནི་རིག་པའི་གཞུང༌། །
          བཟང་པོའི་སྤྱོད་པ་འབད་པས་རྩལ་བཏོན་ཏེ། །
          རྩོམ་གྱི་སྲོག་ཏུ་བཟུང་བ་ངོ་མཚར་ཉིད། །

 

 

         ལུགས་གཉིས་མ་འདྲེས་དབྱེ་བསལ་མངའ་བ་དང༌། །
          དཔྱད་གཞིའི་གནས་ལ་ཞིབ་འཇུག་དཔྱིས་ཕྱིན་པར། །
          ཚན་རིག་ལམ་ནས་འཇུག་པའི་ངང་ཚུལ་ལ། །
          རྩོམ་་རིག་གཞན་གྱིས་འགྲན་པར་ག་ལ་འོས། །
       

          བི་ཤྭ་ཀརྨའི་རྗེས་སུ་རྐང་འཇོག་པའི། །
          རི་མོའི་སྒྱུ་རྩལ་མཁསཔའི་ངང་ཚུལ་ནི། །
          གློག་འཕྲུལ་རྫས་ཀྱིས་འདྲ་པར་བཏབ་པ་འམ། །
          ངོ་མཚར་སྒྱུ་མའི་ལྟད་མོར་བལྟས་པ་བཞིན། །

    

      རིག་གསར་འཕྲུལ་ནི་མང་པོའི་རིག་པས་བསྐྲུན། །
          ཁྱོད་ཀྱི་སྒྱུ་རྩལ་ཁྱོད་ཉིད་བློ་ཡིས་བཅོས། །
          དེ་ཕྱིར་ཚན་རིག་དཔལ་ལ་སྡང་བ་ཡི། །
          ངོ་མཚར་འཕྲུལ་གྱི་དངོས་པོའང་བསྐྲུན་པར་གྲགས། །
        
  

        ཐུབ་དབང་གནས་ཆེན་བཞི་སོགས་ཆེ་ཕྲའི་གནས། །
          རྗེས་ཤུལ་མི་མངོན་པ་ཡང་ཕྲ་མོའི་བློས། །
          ཞིབ་དཔྱད་མཛུབ་མོས་སྟོན་པའི་ཟླ་བ་བཞིན། །
          ལྷམ་མེར་འཆར་བ་འདི་དག་ཁྱོད་ཀྱི་དྲིན། །

 

 

          རང་དོན་སྲིན་འབུའི་ཟེར་ལ་མི་ཞེན་ཞིང༌། །
          སྤྱི་དོན་ཉིན་བྱེད་འོད་ལ་དུང་བ་ཡིས། །
          ཤེས་བྱ་ཡུངས་འབྲུ་ཙམ་ལའང་ལེགས་སྦྱངས་པ། །
          གངས་ལྗོངས་མཁས་པ་ཕལ་གྱིས་དོ་ཟླ་མིན། །
        
         

འཇིག་རྟེན་ཆོས་བརྒྱད་གཞོན་ནས་མི་དགྱེས་ཤིང༌། །
          ཆོས་ལུགས་འཐེན་འཁྱེར་རྒས་ཀྱང་མི་སྤྲོ་ལ། །
          དམན་དང་བུད་མེད་མཐོང་ཆུང་མི་བཞེད་པར། །
          ལྟ་སྤྱོད་ཕལ་དང་བསྟུན་ལ་དགྱེས་པ་ཁྱོད། །

  

        ཡང་དག་ལྟ་བའི་སྲ་མཁྲེགས་གྱང་རྒོད་དེར། །
          དཔྱད་འཇོག་རིག་པས་བདེ་བླག་བརྟོལ་བའི་རྗེས། །
          གྱང་རོ་དག་ལའང་ཕྱི་མིག་བལྟས་པ་ལྟར། །
          ལྟ་བའི་དཔྱད་པ་རྫོགས་ཚུལ་གསུངས་པ་ཐོས། །
        

          དྲང་ངེས་ལུང་གི་དག་བྱེད་ཆུ་རྒྱུན་ལ། །
          རྣམ་དཔྱོད་ཀེ་ཏ་ཀ་ཡིས་བགྲུངས་ཆེས་པས། །
          དགེ་འདུན་སྡེ་ཆེན་འདུས་པའི་གྲྭ་འགའ་ནས། །
          རྡོ་དང་དབྱུག་པའི་ཁུར་ཆེན་གསོལ་བར་གནང༌། །

 

     

     མི་འདོད་ཁྲལ་གྱིས་བྱས་པའི་བཙུན་པའི་གཟུགས། །
          བཙན་ཐབས་སྒོམ་གྱིས་བསྐྱེད་པའི་གཟུགས་སྣང་སྟེ། །
          ཚུལ་འཆོས་གྲུབ་རྫུའི་སྤྱོད་ལ་མི་མཉེས་ཤིང༌། །
          ཆེ་འདོད་རེ་བའི་གཞི་མའང་མེད་པར་གསུངས། །
        
 

         ཉིན་གཅིག་དལ་མེད་དཀའ་ཐུབ་མགྲོན་པོ་ཁྱོད། །
          རང་ཡུལ་འབྱོར་ཚེ་རིན་བྲལ་ལེགས་བཤད་ལས། །
          ཟོག་དང་སྒོར་མོ་མེད་པའི་ངང་ཚུལ་དེས། །
          མགྲོན་པོ་གཞན་གྱིས་འགྲན་པའི་གླགས་ཡོད་དམ། །

 

          ཚགས་ཚུད་མེད་པའི་གཞུང་གི་ཆབ་སྲིད་འགར། །
          སུན་འབྱིན་མཛད་གང་ལྷག་བསམ་གཟུ་བོ་སྟེ། །
          མ་རུང་བཙན་འཛུལ་བ་ལ་ངོ་རྒོལ་གྱི། །
          སྙིང་སྟོབས་རྡོ་རྗེའི་རི་ལས་རྒྱལ་བས་སོ། །
        

          ཕྱུགས་དང་བླུན་པོ་དག་ལ་མཁོ་མིན་ཡང༌། །
          ཤེས་ལྡན་ཡ་མ་ཟུང་འགའི་སྙིང་གི་ནོར། །
          མ་རུང་མི་དཔོན་དག་གི་གཡོ་འཕྲུལ་གྱིས། །
          རྟ་དམར་ཅན་གྱི་ཞལ་དུ་བསྟབ་པ་མང༌། །

 

 

          རྒྱལ་ཁབ་སྤྱི་ཆུས་རང་གི་འཚོ་ཐབས་གཉིས། །
          གསེར་དང་བོང་བ་སྙོམས་པའི་མི་དཔོན་གྱི། །
          འཇིགས་པའི་ང་རོ་སྒྲོགས་པའི་སྟག་ཁྱུའི་དབུས། །
          བདེན་པའི་བུ་ཆུང་གཟན་དུ་གྱུར་པ་བདེན། །   
        

          འོན་ཀྱང་རྟེན་འབྱུང་ཉི་མའི་ཁ་ལོ་བས། །
          བདེན་པའི་ཉིན་བྱེད་ཉེ་བར་དྲངས་པའི་མཐུས། །
          རང་གི་རིགས་ལ་ཞེན་པའི་པད་ཚལ་གྱི། །
          སྣ་བརྒྱའི་འདབ་མ་ངང་གིས་འཛུམས་པར་གྱུར། །

 

          དེ་ཕྱིར་དཀོན་ལ་རིན་ཐང་ཆེ་བ་ཡི། །
          ཨུཏྤལ་འདབ་མ་གང་ཞིག་བསིལ་ལྗོངས་སུ། །
          ལན་གཅིག་བཞད་ནས་མི་ལོ་བརྒྱ་ལོན་པའི། །
          རྗེས་དྲན་ཚིགས་བཅད་འབུལ་མཁན་དྲང་སྲོང་པས།། །