མདུན་ངོས། » གསར་རྩོམ། » ཕྱིས་རྩོམ། » རྒྱ་གར་གྱི་གྲགས་ཅན་སྙན་ངག་པ་ཐེ་ཀོར་རྗེས་སུ་དྲན་པ།

རྒྱ་གར་གྱི་གྲགས་ཅན་སྙན་ངག་པ་ཐེ་ཀོར་རྗེས་སུ་དྲན་པ།

རྒྱ་གར་གྱི་གྲགས་ཅན་སྙན་ངག་པ་ཐེ་ཀོར་༼ཉི་དབང་མགོན་པོ༽རྗེས་སུ་དྲན་པ།

 

དུས་རབས་བཅོ་བརྒྱད་དཀྱིལ་སྨད་ན། །
ཤར་ཕྱོགས་བྷངྒ་ལ་ཡི་ཡུལ། །
ཏ་གོར་ཞེས་པའི་གྲགས་པ་ཡིས། །
འཇིག་རྟེན་ཐམས་ཅད་གཡོ་བར་བྱས། །

 

ཀ་ལི་ཀ་ཏའི་བྱང་ཕྱོགས་ནས། །
ལྷམ་མེར་ཤར་བའི་ཉི་གཞོན་དེ། །
འོད་ཟེར་གོ་ལ་ཀུན་ཁྱབ་པ། །
ཨེ་མ་དོན་གྱི་རྟ་བདུན་ཁྱོད། །

 

སྐྱེད་བྱེད་ཡབ་ཀྱི་དངོས་པོ་ཡིས། །
ཤེས་རིག་བགོ་སྐལ་ལོངས་སྤྱད་པས། །
ཟླ་བྲལ་གདོང་ལྔའི་ཞབས་སེན་ནི། །
མཁས་རྒུའི་སྤྱི་བོར་འཁྱེར་བར་བྱས། །

 

གནའ་བོའི་རིག་པ་ཙམ་མ་ཟད། །
ཚན་རིག་གཞུང་དང་སྐད་ཡིག་དང༌། །
ལྷག་པར་རོལ་དབྱངས་སྒྱུ་རྩལ་གྱིས། །
ཤེས་ལྡན་ཡིད་རབ་འཕྲོག་ལ་ལྟོས། །

 

ཐུན་མིན་ཚིག་རྒྱན་ངག་གི་རྩལ། །
ནག་མོའི་ཁོལ་དང་དབྱུག་པ་ཅན། །
སྙིགས་དུས་སླར་ཡང་བྱོན་ན་ཡང༌། །
ཁྱེད་ཀྱི་བྲན་དུ་འགྱུར་མིན་ནམ། །

 

ཐེ་ཀོར་ལྷ་ཡི་བླ་མ་དེ། །
བྷངྒའི་ཡུལ་དུ་འཁྲུངས་པ་ཡིས། །
གླིང་འདི་རྩ་གསུམ་གཉིས་པ་རུ། །
སྐྱེ་རྒུའི་ཡིད་ལ་འགོད་པར་བྱས། །

 

ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ། །
ཆོམ་རྐུན་དག་གིས་ཁྱེར་ན་ཡང༌། །
ཇི་སྲིད་ལྷ་ལམ་མ་ཟད་པར། །
དེ་སྲིད་བརྗོད་པར་མི་འགྱུར་རམ། །

 

ནུབ་ཕྱོགས་ཡུའུ་རུབ་ཨ་རི་དང༌། །
ཤར་ཕྱོགས་རྒྱལ་ཁབ་དུ་མའི་ནང༌། །
བསམ་བློའི་རྒྱུ་ཆ་བཙལ་བ་དེ། །
རླབས་ཆེན་བྱ་བ་ཀུན་གྱི་རྒྱུ། །

 

འདུ་འཛི་བྲལ་བའི་ཁོར་ཡུག་ཏུ། །
ཁྱོད་ཀྱི་གཙུག་ལག་སློབ་གྲྭ་ནི། །
རྒྱ་ཆེ་ཡངས་པའི་གྲོང་ཁྱེར་དང༌། །
རྣམ་དབྱེ་བདག་གིས་རྙེད་མ་གྱུར། །

 

ལེགས་བཤད་རིན་ཐང་ཡོད་པ་ཡི། །
ཤར་ཕྱོགས་བྷངྒའི་ཡུལ་འདི་རུ། །
ཐེ་ཀོར་བྱོན་པའི་ཕྲིན་ལས་ནི། །
ད་དུང་ནུབ་པ་མེད་ལ་ལྟོས། །

 

ཐེག་ཆེན་ཁ་རུ་འཁྱེར་ན་ཡང༌། །
དགེ་སྦྱོང་ཆོས་བཞིར་གནས་དཀའ་ཞིང༌། །
ངུར་སྨྲིག་མདངས་ཀྱིས་རབ་འཛིན་པའི། །
མདོ་གམ་བཙུན་པའི་གཟུགས་བརྙན་ཞིག །

 

ཐེ་ཀོར་གཙུག་ལག་སློབ་གྲྭ་རུ། །
ཤར་ནུབ་མཁས་པའི་བགྲོ་གླེང་དུ། །
གྲོགས་པོའི་དྲིན་གྱིས་བསྐྱོད་པའི་ཚེ། །
ཁོང་ལ་ཡི་རང་ཅི་ཡང་ཐོབ། །

 

དེ་ཕྱིར་ཤར་ཕྱོགས་བྷངྒའི་ཡུལ། །
ཐེ་ཀོར་ལྟེ་བ་བཅད་པའི་ས། །
ཀ་ལི་ཀ་ཏའི་གྲོང་ཁྱེར་ནས། །
ཚིགས་བཅད་གླུ་རུ་བླངས་པའོ། །
སྤྱི་ལོ་༢༠༠༩ཟླ་༣ཚེས་༡༨ཉིན་བྷངྒ་ལའི་ཡུལ་དུ་བྲིས། །