མདུན་ངོས། » གསར་རྩོམ། » ཕྱིས་རྩོམ། » ༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་མཆོག་གི་རྗེས་དྲན།

༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་མཆོག་གི་རྗེས་དྲན།

 

༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་མཆོག་གི་རྗེས་དྲན། །

དྲང་སྲོང་རྣམ་རྒྱལ།

ཕྱི་ནང་གོམས་སྲོལ་ཐ་དད་ས་མཐའི་ཡུལ། །

སྒེར་གྱི་ཆོས་བརྒྱད་བ་དན་མ་ཕྱར་བར། །

སྙིང་སྟོབས་གོ་ཆ་བརྟན་པོའི་སྤྱི་སེམས་ཀྱིས། །

བཤད་སྒྲུབ་རྒྱལ་མཚན་བསྒྲེངས་པའི་མཛད་བཟང་ལྕི། །

 

ཡུལ་མི་བཀྲེས་སྐོམ་མནར་བའི་ལུང་གཤོང་དུ། །

ཕྱི་མིས་བཀོད་ལེགས་འཛུགས་སྐྲུན་ལྷ་ཡུལ་བཞིན། །

ལྟ་ན་སྡུག་པའི་བྱེས་ཀྱི་སྨན་རིའི་གླིང་། །

མིག་ལ་ལྷམ་མེར་གསལ་འདི་དོན་ཆུང་མིན། །

 

བདག་མེད་ངག་ལ་བྱང་ཡང་བདག་འཛིན་ནི། །

ལྷུན་པོའི་གཏོས་ལ་འགྲན་པའི་མི་རིགས་ཁྲོད། །

གསང་གསུམ་མཛད་པ་རྒྱལ་བ་མཉམ་མེད་པའི། །

གདན་སའི་ཐོག་ཏུ་བསྒྲིལ་དེ་ངོ་མཚར་ཆེ། །

 

གོ་རྟོགས་ཉི་མ་ཐོད་དུ་མ་ཤར་ཡང་། །

བྱིས་པའི་མུ་ཅོར་མོད་པའི་ཁོར་ཡུག་ཏུ། །

དུས་ཀྱི་སྐྱ་རེངས་གཅིག་པུ་ཤར་བའི་མོད། །

དམུས་ལོང་རྣམས་ལ་དུས་རབས་མིག་བུ་བྱིན། །

 

བཤད་སྒྲུབ་དགའ་ཚལ་རྣ་བའི་དཔྱིད་ལྷུང་བས། །

ཧི་མ་ལ་ཡ་གོམ་པས་བརྒལ་བའི་བློ། །

དང་པོ་སྐྱེས་པའི་ཚུལ་ལ་བསམ་པ་ན། །

རང་ལའང་དམ་པའི་བཀའ་དྲིན་གཞལ་དུ་མེད། །

 

ན་ནིང་ནུབ་ཕྱོགས་ས་མཐའི་ཡུལ་གྲུ་ན། །

མི་ལ་ཕན་པ་གང་ནུས་བསྒྲུབ་པ་ཡི། །

ཞུ་ཚིག་དེ་ལ་ཐུགས་རབ་མཉེས་པའི་ཚུལ། །

ད་ལྟ་ཡིད་ངོར་རྡོ་ལ་རི་མོ་བཞིན། །

 

མངོན་དགའི་ཞིང་དུ་གཤེགས་ནས་ལོ་འཁོར་རྗེས། །

རང་བཞིན་བརྗོད་པའི་རྗེས་དྲན་ཨུཊྤ་ལ། །

དྲུང་ན་ངོ་དགའི་ཚིག་དང་འགྲན་མེད་པ། །

རབ་དཀར་སྙིང་གི་ལྷག་བསམ་མཚོན་ཕྱིར་ཕུལ།། །།

༢༠༡༨ལོའི་ཕྱི་ཟླ་༩ཚེས་༣ཉིན་ཨ་རིར་བྲིས། །