མདུན་ངོས། » གསར་རྩོམ། » གསར་རྩོམ། » རྣམ་ཤེས།

རྣམ་ཤེས།

 

རྣམ་ཤེས།

 

འབྲི་ཞོགས་རྩལ།

       ང་རང་ཨ་མའི་བྱམས་བརྩེ་དང་རིང་དུ་གྱེས་པའི་བུ་ཕྲུག་ཅིག་ཡིན་པས་དུས་རྒྱུན་ཨ་མ་་དྲན་པ་ནི་ཚོར་བའི་གཏིང་མར་འདྲེས་པའི་སྙན་ངག་གིས་ཀྱང་མཚོན་ཐབས་བྲལ་བ། བརྗོད་གཞི་གཅིག་དང་གཉིས་ཙམ་གྱིས་གླེང་ཐབས་བྲལ་བས། ང་ལ་མཚོན་ན་ཨ་མ་ནི་འཇིག་རྟེན་ནས་བཙལ་ཡང་རྙེད་པར་དཀའ་བའི་སེམས་པའི་རང་བཞིན་གྱི་སྙན་ངག་གི་ངོ་བོར་གྲུབ་ཡོད། 

རྒྱུ་མཚན་དེའི་ཕྱིར་ན། ངས་ཨ་མ་གླེང་བ་ནི་ཟླ་རེའི་དུས་ཚིགས་འདི་རྐྱང་རྐྱང་ག་ལ་ཡིན།ཐ་སྙད་ཀྱི་གོ་རིམ་སྒྲིག་པའི་གཤིས་ཀ་འདི་རྒྱུད་ལ་ཆགས་པ་ནས་བཟུང་།ངས་ནི་ཤེས་ཚོད་འཇོན་ཚོད་ཀྱིས་རྣམ་པར་དག་པའི་ཐ་སྙད་གང་གསར་དང་དྲི་མས་མ་རེག་པའི་ཚོར་བ་གང་ཡག་གིས་ཁྱོད་ལ་མཆོད་པ་ཕུལ་བ་ཡིན། ཨ་མ་ལགས། བུ་ཆུང་གིས་དེ་ཙམ་ལས་ཅི་ཡང་མི་འཁྱོངས་མོད། དེ་ཡིས་ནམ་ཡང་ཁྱོད་ལ་སྙིང་གཏམ་གློད་པ་དང་དྲན་ཚུལ་བརྗོད་པ་ཡིན། 

སྐབས་དང་སྐབས་སུ་འཁྲུལ་སྣང་གིས་བསྡུས་པའི་རྨི་ལམ་གྱི་གྲོང་ཚོ་ཆུང་ཆུང་རེ་ནས། ངས་ཁྱེད་ཀྱི་ཞལ་ངོ་མཇལ་ཐུབ་པ་དང་ཁྱེད་ཀྱི་བརྩེ་བ་མྱང་ཐུབ་པ་བྱུང་མྱོང་། ང་ལ་མཚོན་ན་དེ་ནི་ཆེས་བདེ་སྐྱིད་ལྡན་པ་ཞིག་ཡིན་པས་ནམ་ཡང་རྨི་ལམ་དེ་ལས་སད་རྒྱུ་མེད་པར་སྨོན་ཡོད། ཨ་མ་ལགས།ཁྱེད་རང་འཇིག་རྟེན་ནས་རྒྱང་དུ་བཞུད་སྐབས། བུ་ཆུང་ནར་མ་སོན་པའི་བྱིས་པ་ཆུང་ཆུང་ཞིག་ཡིན་ཡང་། ད་ནི་བདག་ལ་བརྩེ་བ་དང་གཉོར་སྐྱོང་གི་བཀའ་དྲིན་ཟབ་པའི་ཨ་ཕ་དང་ཨ་ཁུ་ཟུང་གི་དྲིན་གྱིས་བུ་ཆུང་རང་གི་རྐང་གཉིས་ལ་བརྟེན་ནས་མི་གྲལ་དུ་འགྲོ་ཐུབ་དང་འགྲེང་ཐུབ་པ་ཞིག་བྱུང་ཡོད།

ཨ་མ་ལགས། ཇ་ལོ་སྦང་བའི་དྲི་བསུང་གི་ངད་ཁ་རེ་རེ་ན་སེམས་ཀྱི་སྐྱོ་ངལ་དག་རིང་དུ་སྐྲོད་པའི་རོལ་དབྱངས་ཤིག་ཡོད་པ་ནི་སྲིད་པའི་མཚོ་མོ་འདི་ཡོམ་ཡོམ་དུ་སྒུལ་བའི་སེམས་པའི་དབྱངས་རྟ་དེ་ཅི་ལ་མིན། ཨ་མ་ལགས། བུ་ཆུང་གིས་ཁྱེད་རང་རབ་ཏུ་དྲན། ཧ་ཅང་དྲན། ཤིན་ཏུ་ནུས་ཀྱང་དྲན་པས་ན་ཟུག་གི་སྨྲ་བརྗོད་རེ་རེའང་མིག་ཆུ་རྡོག་རེ་ཡི་མུ་ཏིག་བསྟར་ཡོད། 

ཨ་མ་ལགས།  སློབ་སྦྱོང་གི་སྐས་རིམ་རེ་རེ་ལས་བུ་ཆུང་གིས་འབད་བརྩོན་ལས་མངོན་པའི་གཟི་བརྗིད་བྱ་དགའ་རེ་ཐོབ་ནའང་།ཁྱོད་ཀྱི་མིག་མདུན་དུ་ཕུལ་མ་ཐུབ་པ་ནི་ཇི་འདྲའི་ཡིད་ཕངས་བ་ཞིག་རེད་ཨང་། ཨ་མ་ལགས། ད་ལྟ་ཁྱེད་ཉིད་ང་དང་ཁ་ཐག་ཉེ་ས་ཞིག་ཏུ་ཡོད་དམ། ཡང་ན་ཁ་ཐག་རིང་ས་ཞིག་ཏུ་ཡོད།དོན་དུ་ཁྱེད་རང་གང་དུ་བཞུགས། ཨ་མ་ལགས།ལས་རྟེན་གང་ཞིག་ཏུ་ཡོད་ཀྱང་དུས་ནམ་ཡང་བདེ་བར་སྨོན། 

 

                    2019-10-23