མདུན་ངོས། » གསར་རྩོམ། » གནའ་རྩོམ། » མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་སྙན་དངགས་སྒྲ་རྒྱན།

མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་སྙན་དངགས་སྒྲ་རྒྱན།


མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་སྙན་དངགས་སྒྲ་རྒྱན།

མཁྱེན་གསོལ་རྣམ་དག་ཆུ་རྒྱུན་ལས་དྲངས།

 

བསྭོ་བསྐང་ངོ་ལྷ་སྲུང་ཐུགས་དམ་བསྐང༌།
བསྐང་བའི་དམ་རྫས་སྣ་ཚོགས་འདི།
ཚུལ་ཁྲིམས་ས་གཞི་ཝངས་སེ་ཝངས་སེ།
ཏིང་འཛིན་རི་བོ་ཟངས་སེ་ཟངས།
ཤེས་རབ་དཔག་བསམ་ལྡེམས་སེ་ལྡེམས།
ཐོས་པའི་རྒྱ་མཚོ་མེ་རེ་རེ།
བསམ་པའི་རྦ་རླབས་ཀྱི་ལི་ལི།
སྒོམ་རྟོགས་ནོར་བུ་སྤུངས་སེ་སྤུངས།
འཆད་པའི་འབྲུག་སྒྲ་ལྡི་རི་རི།
རྩོམ་པའི་གཡུ་བུན་ཐུ་ལུ་ལུ།
རྩོད་པའི་ཐོག་སྒྲ་ཆེམས་སེ་ཆེམས།
བསྐྱེད་པའི་སྐར་ཚོགས་ཁྲ་ལ་ལ།
རྫོགས་པའི་གཞའ་འོད་ལམ་སེ་ལམ།
ཟུང་འཇུག་ཉི་ཟླ་ལྷགས་སེ་ལྷག
བསྙེན་པའི་སྤྲིན་དཔུངས་འཐིབས་སེ་འཐིབས།
བསྒྲུབ་པའི་ཆར་ཆེན་སིབས་སེ་སིབས།
ལས་སྦྱོར་གློག་དམར་འཁྱུགས་སེ་འཁྱུག
ལྟ་བའི་ཞུག་མར་ཡ་ལ་ལ།
སྤྱོད་པའི་སྒྲ་སྙན་ཁྲོ་ལོ་ལོ།
སྒོམ་པའི་དྲི་བསུང་ཆི་ལི་ལི།
དམ་ཚིག་ཡོན་ཆབ་འཁྱིལ་དེ་འཁྱིལ།
འཕྲིན་ལས་འཕེན་དར་ལྷུབས་སེ་ལྷུབ།
གསལ་བའི་མེ་ཏོག་ཝལ་ཏེ་ཝལ།
བདེ་བའི་གར་སྟོབས་ལོགས་སེ་ལོག
མི་རྟོག་གཏེར་ཆེན་ལྷུབས་སེ་ལྷུབ།
དུག་ལྔའི་དབལ་གཏོར་ཟངས་སེ་ཟངས།
གཏི་མུག་ཤ་རི་ལིངས་སེ་ལིང༌།
འདོད་ཆགས་ཁྲག་མཚོ་ཀྱི་ལི་ལི།
ཞེ་སྡང་རུས་བྲག་སྲངས་སེ་སྲང༌།
གསལ་སྟོང་སྨན་མཆོད་མེ་རེ་རེ།
གྲགས་སྟོང་འཛབ་དབྱངས་འུ་རུ་རུ།
རིག་སྟོང་ཚོགས་ཆེན་སྤུངས་སེ་སྤུངས།
བདེ་སྟོང་སྦྱོར་བ་ཕྱོད་དེ་ཕྱོད།
སྣང་སྟོང་སྒྲོལ་བ་ཤིགས་སེ་ཤིགས།
སྐྱེ་མེད་ལྷ་མོ་དུན་ནེ་དུན།
འགག་མེད་ལྷ་སྲས་ཁྲིགས་སེ་ཁྲིགས།
འདི་ལྟར་བླ་མེད་མཆོད་ཆེན་གྱིས།
དཔོན་གསས་རིག་འཛིན་ཐུག་དམ་བསྐང༌།
ཕྱི་ནང་ལྷ་ཚོགས་ཐུགས་དམ་བསྐང༌།
བོན་སྐྱོང་དཔལ་མགོན་ཐུགས་དམ་བསྐང༌།
ལྷ་སྲིན་སྡེ་བརྒྱད་ཐུགས་དམ་བསྐང༌།
ཡུལ་ས་ལྕམ་དྲལ་ཐུགས་དམ་བསྐང༌།
འགྲོ་བ་རིག་དྲུག་ཐུགས་དམ་བསྐང༌།
བསྐངས་བའི་འབྲས་བུ་མཆིས་པར་མཛོད།
དམ་བསྐང་དངོས་གྲུབ་བདག་ལ་གསོལ།