ནེའུ་ཡོག་དང་ཨ་རིའི་གྲོང་ཁྱེར།
ནེའུ་ཡོག་དང་ཨ་རིའི་གྲོང་ཁྱེར།
གོ་ལའི་མཐའ་དབུས་ཐམས་ཅད་དུ།།
གྲགས་པས་ཡོད་ཚད་བསྒུལ་བ་སྟེ།།
ནིའུ་ཡོག་གྲོང་ཁྱེར་ཞེས་གྲགས་པ།།
འདྲེན་བྱེད་ཡུལ་དུ་ལྷུང་བ་ན།།
གྲོང་ཁྱེར་མཁའ་ལམ་དོག་པོར་བྱས།།
ཐོག་རྩེག་མང་པོའི་ལྕགས་ལམ་ནི།།
རྒྱ་མཚོའི་འོག་ཏུའང་བསྐྲུན་པ་མཚར།།
འགྲུལ་བཞུད་སྒུག་པའི་དགོས་པ་མེད།།
ཉི་མའི་འོད་ཟེར་ཤར་བ་ལས།།
གློག་གི་དྲ་བ་གསལ་ཆེ་བས།།
མཚན་མོ་སྐོར་སྐྱོད་བྱེད་པ་འགའ།།
ཉིན་མཚན་ཅི་ཡིན་སོམ་ཉི་གྱུར།།
ཡིད་བཞིན་མཚོ་གླིང་ཆུང་ངུའི་དབུས།།
བརྗིད་ཆགས་ལྷུན་པོ་དང་མཚུངས་པའི།།
རང་དབང་ལྷ་མོའི་འདྲ་སྐུ་ནི།།
གྲོང་ཁྱེར་དེ་ཡི་རྒྱན་དང་འདྲ།།
མཐོ་བརྗིད་ལྡན་པའི་འདྲ་སྐུ་དེའི།།
ལག་གི་རང་དབང་མེ་ལྕེ་ཡིས།།
དུས་ཀྱི་རྒུད་པ་བསྲེགས་པའི་རྟགས།།
འཛམ་བུ་གླིང་ལ་ངོམས་པ་འདྲ།།
བྲན་གཡོག་དང་ནི་གཉའ་གནོན་དང་།།
རིགས་དང་ཁ་དོག་རྩོད་པ་ཡི།།
སྐལ་ངན་དུས་རབས་ལས་རྒྱལ་ཞེས།།
ཅི་དགར་བསྒྲགས་པའི་འབོད་སྒྲ་ཆེ།།
མི་འབོར་ས་ཡ་ཉེར་གསུམ་གྱི།།
གྲོང་ཁྱེར་འདི་ལ་ལྟད་མོ་བ།།
ཤར་ནུབ་ཡུལ་གྲུ་ཐམས་ཅད་ནས།།
རིང་ནས་སྒུགས་པའི་རྣམ་འགྱུར་གསལ།།
གདོད་ནས་སྟོབས་ཀྱི་ཤེ་མོང་ནི།།
ཡོངས་རྫོགས་གྲོང་ཁྱེར་བཀོད་པ་དེ།།
ལྷ་ཡིས་བསྐྲུན་འདྲའི་ཁྱད་ཆོས་འདི།།
ཕུལ་བྱུང་རྣམ་དཔྱོད་རྩལ་ལས་གྲུབ།།
བརྒྱ་ཕྲག་བརྩེགས་ལྡན་ཁང་བཟང་ཟུང་།།
དགུ་པའི་བཅུ་གཅིག་ཉིས་སྟོང་གཅིག།
འཇིགས་སྐུལ་པ་ཡིས་གཏོར་ཤུལ་དེ།།
འཇིག་རྟེན་མི་རྟག་དཔེ་ཟླ་ཞིག།
རྐང་གཉིས་སྟོང་ཕྲག་དུ་མ་ཡི།།
ཚེ་སྲོག་གུམ་པའི་རྗེས་དྲན་ཁང་།།
མིང་ཙམ་ལུས་པའི་བཤམས་སྟོན་དེ།།
མིག་ལ་མཆི་མ་འཁྲུག་པའི་རྒྱུ།།
བྲག་རི་འདྲ་བའི་ཁང་བརྩེགས་ཉིལ།།
རླུང་རི་ལྟ་བུའི་ལྕགས་མཁར་འཐོར།།
སྲུང་སྐྱོབ་འཕྲུལ་ཆས་ནུས་མེད་གྱུར།།
དུས་ལ་བབས་པའི་གནས་ལུགས་རྟོགས།།
འོན་ཀྱང་སྟོབས་ལྡན་རྒྱལ་ཁབ་ཀྱི།།
ལག་རྩལ་འབྱོར་བ་འགྲན་མེད་པས།།
ཁང་བརྩེགས་བརྒྱ་ཕྲག་ཅན་ཟུང་གི།།
གསར་སྐྲུན་གཏོར་བཤིགས་ལས་ཀྱང་མགྱོགས།།
རྒྱུ་རྩལ་དེ་དག་ལས་བརྒལ་བའི།།
ཕྱོགས་སུ་རྒྱལ་རྔ་བརྡུང་བའི་གྲོང་།།
ཝ་ཤིང་ཊོན་གྱི་སྙན་པ་ནི།།
འདི་ཞེས་བརྗོད་པའི་ལྕེ་རྩེ་རྟུལ།།
གྲོང་ཁྱེར་ལྟེ་བའི་འགྲེམ་སྟོན་ཁང་།།
ལོ་རྒྱུས་རྒྱུ་རྩལ་ཚན་ཁག་གི།
རིམ་པ་བགྲང་ཡས་དངོས་པོའི་ཚོགས།།
ཐམས་ཅད་གཅིག་ཏུ་སྤུངས་པ་འདྲ།།
རང་བྱུང་ལོ་རྒྱུས་བཤམས་སྟོན་དུ།།
ལན་ཅིག་སྐོར་སྐྱོད་བྱས་པ་ན།།
ཤར་ནུབ་ཡུལ་གྲུ་ཐམས་ཅད་དུ།།
མ་སླེབས་ལྟད་མོ་མཐོང་བ་མཚར།།
མངའ་སྡེ་ལྔ་བཅུའི་རྒྱུ་སྐར་གྱིས།།
རྣམ་པར་བཀྲ་བའི་རྒྱལ་ཁབ་ཀྱི།།
མཁའ་མཐའ་ཕྱོགས་ཀྱི་ཡུལ་གྲུ་ཀུན།།
སྲིད་འབྱོར་རྣམ་པ་གཉིས་སུ་མེད།།
མི་ལ་རིན་ཐང་ཆེ་བ་ཡིས།།
ཚེ་སྲོག་འཚོ་བའི་ཆ་རྐྱེན་དུ།།
རྒྱལ་ཁབ་གཞུང་གི་བཀོད་སྒྲིག་འོག།
འཕྲོད་བསྟེན་ཐབས་ལམ་གྲ་སྒྲིག་ཆེ།།
གློ་བུར་གླང་ཐབས་འགལ་རྐྱེན་རིགས།།
བྱུང་ཚེ་མྱུར་སྐྱོབ་ལས་ཁུངས་ཀྱིས།།
ཐད་ཀར་ལྟ་རྟོག་འགྱང་མེད་ཐོག།
སྐྱོབ་པའི་བྱ་བ་ཤིན་ཏུ་མྱུར།།
ལས་ལ་བརྩོན་པའི་སྟོབས་ཞན་པའི།།
སྐྱེ་བོ་གང་ཞིག་ཡུལ་གྲུ་དེར།།
མཆིས་ཚེ་གཞུང་གི་རོགས་རམ་གྱིས།།
ཟས་གོས་ཕོངས་པ་མེད་པ་མཚར།།
ཡར་རྒྱས་སྙིང་པོ་ཤེས་ཡོན་ཉིད།།
བརྩི་ཕྱིར་ན་གཞོན་ཙམ་མ་ཟད།།
རྒན་རྒོན་སློབ་ལ་བརྩོན་པ་དག།
རིན་མེད་སློབ་གྲྭར་བཅུག་པ་མཚར།།
ཆད་པ་མེད་པའི་གློག་ལམ་དང་།།
རྫོགས་མཐའ་བྲལ་བའི་ཉེར་སྤྱོད་དང་།།
སྒུགས་པར་མི་དགོས་འགྲིམས་འགྲུལ་རྐྱེན།།
ལྷ་ཡུལ་ལས་ཀྱང་ཚད་མཐོ་ཙམ།།
བྱ་བའི་ལས་ལ་མ་བྲེལ་ན།།
སྤྱི་སྒེར་ཡར་རྒྱས་མི་ཡོང་བས།།
གཏན་དུ་ལྷོད་པོར་མི་སྡོད་པ།།
རྒྱལ་ཁབ་འདི་ཡི་སྲོལ་ལུགས་ལགས།།
ཕོ་མོ་ཤ་མདོག་ཆོས་ལུགས་སོགས།།
དབྱེ་འབྱེད་མི་ཆོག་ཡ་རབས་ཀྱི།།
ཁྲིམས་ལ་བརྩི་བཀུར་ཆེ་བ་སྟེ།།
མིག་དཔེར་འོས་པ་ཤིན་ཏུ་མང་།།
ཁྲིམས་ཀྱིས་འཚོ་བའི་ཡུལ་གྲུ་འདིར།།
ལས་ཀ་ཀུན་ལ་སློབ་སྦྱོང་དགོས།།
ཤེས་ཚད་དམའ་ན་ལས་ཀ་དམའ།།
དེ་ཡིས་གླ་ཕོགས་དམའ་བ་སྐད།།
ཌོ་ལར་གོང་ཚད་ཤིན་ཏུ་ཆེ།།
འཚོ་བར་འགྲོ་སོང་རབ་ཏུ་ཆེ།།
དེ་ཕྱིར་ལས་བྲེལ་རྟག་ཏུ་ཆེ།།
ཆེ་བ་འདི་གསུམ་ཡུལ་གྱི་གཤིས།།
ཉམ་ཐག་རྣམས་ལ་རོགས་སྐྱོར་ཆེ།།
ནོར་བདག་རྣམས་ལ་འབྱོར་བ་ཆེ།།
བར་མ་དག་ལ་དངངས་སྐྲག་ཆེ།།
ཆེ་གསུམ་ལུང་པ་འདི་ཡི་གཤིས།
རྒན་རྒོན་སེམས་ཚོར་བདེ་བ་ཆུང་།།
ན་གཞོན་རང་སྐད་དོ་སྣང་ཆུང་།།
རང་རིགས་འབྱོར་ལྡན་གོ་རྒྱུ་ཆུང་།།
ཆུང་གསུམ་འདི་དག་བོད་ཀྱི་རིགས།།
གཞན་གྱི་དོན་ལ་འགྲུས་པ་ཉུང་།།
རང་རིགས་ཁ་བརྡ་བྱེད་མཁན་ཉུང་།།
གཞན་ལ་རོགས་རམ་བྱེད་མཁན་ཉུང་།།
ཉུང་གསུམ་ནུབ་ཕྱོགས་བོད་པའི་སྲོལ།།
གལ་སྲིད་རང་ལ་ཞེན་པའི་རིགས།།
ས་ཕྱོགས་གང་དུ་མཆིས་པའི་ཚེ།།
བོད་ཀྱི་བཟང་སྤྱོད་གོམས་སྲོལ་ནི།།
རྒྱུན་འཛིན་ཡོང་བའི་རེ་བ་མཆིས།།
ལྟོ་རྒྱབ་འགྲིག་པའི་ང་རྒྱལ་གྱིས།།
མིག་དང་རྣ་བ་འགེབས་བྱེད་པའི།།
རང་ཅག་གཞིས་བྱེས་བོད་ཀྱི་མི།།
ཤེས་དཔལ་དབུལ་བའི་ཚུལ་འདི་ཅི།།
ཕྱི་སྣོད་ལྷ་ཡུལ་འགྲན་སྙམ་ཡང་།།
ནང་བཅུད་རྗེས་ལུས་བོད་ཡུལ་དེ།།
གངས་ཀྱི་ཕྲེང་བའི་སོ་པ་ཡིས།།
ཡར་ཐོན་བཀག་པ་ཡིན་ནམ་སྙམ།།
འདི་ན་ཡར་ཐོན་རྒྱལ་ཁབ་ཀྱི།།
ཕུན་ཚོགས་གཞལ་བས་མ་བཟོད་ནས།།
གློ་བུར་འཆར་སྣང་ཐོལ་བྱུང་དུ།།
ཚིགས་བཅད་ནུབ་ཀྱི་ཕྱོགས་སུ་བསྡེབས།།།།
ཕྱི་ལོ་༢༠༡༤ལོའི་ཕྱི་ཟླ་༨པར་ནིའུ་ཡོག་གྲོང་ཁྱེར་དུ་བྲིས།།