མདུན་ངོས། » གསར་རྩོམ། » བོད་ཀྱི་རིག་གཞུང་གོམས་གཤིས། » རི་གླིང་གི་བཀོད་པ་ཤིན་ཏུ་བསྡུས་པ།

རི་གླིང་གི་བཀོད་པ་ཤིན་ཏུ་བསྡུས་པ།

 

རི་གླིང་གི་བཀོད་པ་ཤིན་ཏུ་བསྡུས་པ།

ཟིན་བདག་རང་གིས་བཏུས་པ། 

 

ཕྱི་ཡི་སྣོད་ཀྱི་འཇིག་རྟེན་ནི། །འབྱུང་བ་རྣམ་ལྔ་རིམ་པར་ཆགས། །དངས་མ་གསེར་གྱི་རི་རབ་བརྩེགས། །དེ་ནས་རི་མཚོ་བདུན་བདུན་སྲིད། །སྙིགས་མར་གླིང་བཞི་གླིང་ཕྲན་ཆགས། །ཕྱེད་ཀ་རྒྱ་མཚོར་ནུབ་པ་ཡི། །ལྷུན་པོ་བང་རིམ་བཞི་ཡོད་དེ། །རི་རྒྱལ་བང་རིམ་དང་པོ་ལ། །ལག་ན་གཞོང་ཐོགས་འཕེལ་བྱེད་གནས། །དེ་དག་གི་ནི་ཁོང་སེང་ན། །མུར་ཟང་རིགས་འཛིན་རྒྱལ་པོ་གནས། །བང་རིམ་དག་ནི་གཉིས་པ་ལ། །བགྲང་འཕྲེང་འཛིན་དང་དབྱུག་ཐོགས་ཡོད། །དེ་ཡི་ཁོང་གསེང་དག་ན་ཡང༌། །ས་བདག་གཉན་སྡེ་ལྟོ་འཕྱེ་ཆེ། །བང་རིམ་དག་གི་གསུམ་པ་ལ། །རྟག་མྱོས་ཀུ་མ་ར་ཙ་གནས། །གསུམ་དང་བཞི་ཡི་ཁོང་སེང་ན། །ལྷ་མ་ཡིན་ཏེ་སླག་ཆེན་སྤྲུགས། །རི་རྒྱལ་བང་རིམ་བཞི་པ་ལ། །རྒྱལ་ཆེན་རིགས་བཞིའི་ལྷ་རྣམས་གནས། །ཕྱོགས་མཚམས་བརྩེགས་པའི་ཅོག་བཞི་ལ། །བྱང་ཤར་རི་ནག་གེ་སར་གནས། །བྱང་ནུབ་མཐུ་ཆེན་སྲ་བརྟན་འཛིན། །ལྷོ་ནུབ་ཁ་རྗེ་ཕྱྭ་ཡི་གནས། །ལྷོ་ཤར་ཝེར་རོ་ཉི་པང་སད། །རི་རྒྱལ་རྩེ་ལ་རྩ་གསུམ་གནས། །དེ་དབུས་རྣམ་རྒྱལ་ཁང་བཟང་དང་། །ཕྱི་རོལ་ལྷ་ཡི་རྩེད་ས་ཡིན། ༧ །ཤིང་རྟ་རྩུབ་འདྲེས་དགའ་བའི་ཚལ། །ཕྱོགས་བཞི་ཉམས་དགའ་ས་གཞི་བཟང༌། །དེ་དག་གི་ནི་བྱང་ཤར་ན། ཁ་ལེ་སྟོང་འབྱམས་སྨོན་ལམ་ཤིང༌། །ལྷོ་ནུབ་ཕྱྭ་དང་སྐོས་བར་ན། །མཚལ་རི་ལྷ་ཡི་མདུན་ས་ཡོད། །རི་བདུན་དང་པོ་གཉའ་ཤིང་འཛིན། །གཤོལ་མདའ་འཛིན་དང་གསེར་གྱི་མདོག །བལྟ་ན་སྡུག་དང་རྟ་སྣ་འཛིན། །ཀུན་འདུད་མུ་ཁྱུད་འཛིན་དང་བདུན། ༧ །འཛམ་བུ་ཊིཀྵས་མཚོན་པ་ཡི། །ལྷོ་གླིང་ངོས་གསུམ་སོག་པའི་དབྱིབས། །གཏེར་གྱི་བུམ་བཟང་གིས་བརྒྱན་པ། །ཤར་གྱི་ལུས་འཕགས་ཟླ་གམ་དབྱིབས། །འདོད་འཇོ་བ་མོས་མཚོན་པ་ཡི། །བན་གླང་སྤྱོད་ནི་ཟླུམ་པོ་སྟེ། །ལྗོན་པ་དག་གིས་བརྒྱན་པ་ཡི། །སྒྲ་མི་སྙན་ནི་གྲུ་བཞི་འོ། ༧ །ཤར་གྱི་ལུས་འཕགས་གཡས་གཡོན་ན། །རྐོ་རིང་དང་ནི་རྐོ་ཐུང་གཉིས། །སྒྲ་མི་སྙན་གྱི་གཡས་གཡོན་ན། །གྱག་ཏི་དང་ནི་གྱོག་ཏི་ཟུང༌། །བན་གླང་སྤྱོད་ཀྱི་གཡས་གཡོན་ན། །མར་ཞི་དང་ནི་ཏིང་ཞི་གཉིས། །འཛམ་བུ་གླིང་གི་གཡས་གཡོན་ན། ཁ་སློན་དང་ནི་སྤྲེལ་རྒྱུ་གཉིས། ༧ །འཛམ་གླིང་དབུས་སུ་ཏི་སེ་དང་། མལ་གྲོས་མུར་ཟངས་ཀླུ་རིགས་གནས། །དེ་ཡི་འོག་ཏུ་ངན་འགྲོ་གནས། །གླིང་བཞི་ན་ནི་མི་བཞི་དང་། །གླིང་ཆུང་བརྒྱད་ན་མིའམ་ཅི། །རྐོ་རིང་དག་གི་གླིང་ཆུང་ན། །རྔ་མོང་མགོ་ཅན་ཤིང་ཏོག་ཟ། །རྐོ་ཐུང་དག་གི་གླིང་ཆུང་ན། །སྒྱུ་མ་མཁན་དང་བགེགས་ཀྱི་ཚོགས། །གྱག་ཏི་དག་གི་གླིང་ཆུང་ན། །མིག་གསུམ་ར་མགོ་རྩི་ཐོག་ཟ། །གྱོག་ཏི་དག་གི་གླིང་ཆུང་ན། །སྦལ་དང་མི་རུ་རྫུ་ཞིང་སྤྱོད། །མར་ཞི་དག་གི་གླིང་ཆུང་ན། །གླང་པོའི་མགོ་ཅན་མཐུ་སྟོབས་ཆེ། །ཏིང་ཞི་དག་གི་གླིང་ཆུང་ན། ཁ་ལ་རག་ཤ་སྲིན་པོའི་ཚོགས། ཁ་སློན་དག་གི་གླིང་ཆུང་ན། །སྤྲེའུའི་མགོ་ཅན་གཡོ་འགུལ་ཆེ། །སྤྲེལ་རྒྱུ་དག་གི་གླིང་ཆུང་ན། །བྱིས་སྦ་དབྱར་ལྡང་སྟོན་ན་འཆི། ༧ །ཉི་ཟླ་རི་རྒྱལ་ཕྱེད་ནས་འཆར། །རི་ནི་བདུན་པོའི་དཀྱིལ་སྨད་ན། །གྲོང་དང་གྲོང་ཁྱེར་བདལ་ལ་སོགས། །རི་ནི་བདུན་པོའི་རྩེ་རྐོག་ན། །སྨྲ་མི་གྲོང་བདུན་གནས་པ་ཡིན། །རི་བདུན་དག་གི་རྩེ་མོ་ན། །འཁོར་ལོ་དབང་བསྒྱུར་རྒྱལ་པོ་བདུན། །ཚངས་རྒྱུང་འཇིག་རྟེན་སྟོང་ལ་ནི། །སྟོང་གི་དག་ཀྱང་སྤྱི་ཕུད་དོ། །དེ་སྟོང་སྟོང་ནི་གཉིས་པ་སྟེ། །བར་གྱི་འཇིག་རྟེན་ཁམས་ཡིན་ནོ། །དེ་ཙམ་སྟོང་ལ་སྟོང་གསུམ་མོ། །ལྷུན་པོ་རི་གླིང་བཀོད་པ་སྟེ། །སྣོད་བཅུད་གཞུང་ལས་བཏུས་པའོ། །