མདུན་ངོས། » གསར་རྩོམ། » ཕྱིས་རྩོམ། » གཤེན་བསྟན་དར་རྒྱས་གླིང་།

གཤེན་བསྟན་དར་རྒྱས་གླིང་།

 

གཤེན་བསྟན་དར་རྒྱས་གླིང་།

 

རང་རྩོམ་༼གངས་ཐིགས༽ནས་དྲངས། 

ཀེ་ལ་ཤ་ཡི་ནུབ་ཀྱི་ཕྱོགས། །
མཐའ་ཡས་རྒྱ་མཚོའི་ཕ་མཐའ་རུ། །
ཡུའུ་རུབ་གླིང་གི་ཟུར་ཞིག་ན། །
གཤེན་བསྟན་དར་རྒྱས་གླིང་གི་སྡེ། །

 

ཡོངས་འཛིན་ཆེན་པོའི་བྱིན་རླབས་ཀྱི། །
ཉི་གཞོན་ཟེར་གྱིས་ཡོངས་བཟུང་བས། །
སྐལ་ལྡན་དད་པའི་པད་ཚལ་དུ། །
ཐར་པའི་ཟེའུ་འབྲུ་ཅི་དགར་བྱིན། །

 

འབྱོར་ལྡན་རྒུད་པའི་ཤུལ་ལམ་དུ། །
ཡེ་ཤུའི་གཙུག་ལག་ཞིག་པའི་རྗེས། །
བདེར་གཤེགས་གནས་མཆོག་བཞེངས་པའི་གནས། །
རྩ་གསུམ་བྲན་གྱི་ཚུལ་དུ་བྱས། །

 

གཡུ་ཡི་མཎྜལ་ཕྱིས་འདྲ་བའི། །
ཡིད་འོང་སྤང་ལྗོངས་ཡངས་པའི་ཀློང༌། །
ལྗང་མདོག་རྐང་འཐུང་སྣ་ཚོགས་པ། །
ལྷ་ཡི་བཟོ་བོས་བྲིས་པ་འདྲ། །

 

དེ་ཡི་ཡལ་གའི་རྩེ་རྣམས་སུ། །
སྐད་སྙན་དྲུག་འགྱུར་འཐེན་པ་ནི། །
འཁོར་བའི་གནས་དང་རིང་བ་སྟེ། །
དབེན་གནས་ཁྱད་པར་ངོམས་པ་འདྲ། །

 

ཡོངས་སུ་དག་པའི་དྲི་བཞོན་གྱིས། །
ཡལ་འདབ་ཅུང་ཟད་སྐྱོད་པ་ནི། །
ཐར་འདོད་དབེན་པའི་གནས་མཆོག་ཏུ། །
ཤོག་ཅེས་ལག་གཡུག་བྱེད་པ་འདྲ། །

 

འདུ་འཛི་གཡེང་བ་མཐའ་དག་དང༌། །
འཁྲུལ་འཁོར་གཟེར་སྐད་མི་མངའ་བར། །
ནང་དུ་ཡང་དག་འཇོག་པའི་ཆེད། །
ཚངས་ཆེན་དག་གིས་བཟོས་པ་འདྲ། །

 

སྔ་རབས་ཕྱུག་པོའི་རྒྱས་སྤྲོས་ཀྱིས། །
ཅི་དགར་བསྐྲུན་པའི་ཁང་ཆེན་ནི། །
ལྷུན་པོའི་གཏོས་ལ་འགྲན་པ་སྟེ། །
བསོད་ནམས་ཞིང་དུ་གྱུར་པ་བཞིན། །

 

ནུབ་ཀྱི་ཆུ་གཏེར་ཆེན་པོ་རུ། །
འདུ་འཛིའི་རྦ་ཀློང་འཁྲུགས་ན་ཡང༌། །
ཞི་དུལ་དོན་ལ་ཕྱོགས་པ་འགའ། །
མཐོང་བ་བླ་མའི་དྲིན་དུ་ཟད། །

 

འབད་པ་ཆེན་པོས་ཤར་ཕྱོགས་ནས། །
རིམ་གྱིས་དྲངས་པའི་བཀའ་རྟེན་དང༌། །
བདེར་གཤེགས་རྟེན་མཆོག་བཞུགས་པའི་ཚུལ། །
མཐོང་ན་ཡ་མཚན་མི་སྐྱེ་སུ། །

 

ཐུགས་བསྐྱེད་བསམ་གྱིས་མི་ཁྱབ་པའི། །
སྣོད་བཅུད་དར་ཞིང་རྒྱས་པ་ཡི། །
ལུས་ཅན་དོན་རྣམས་བསྒྲུབ་ཐུབ་པའི། །
སྨོན་པ་དོན་དང་ལྡན་གྱུར་ཅིག། །།

ཕྱི་ལོ་༢༠༠༨ཟླ་༦ཚེས་༣༠ཉིན་ཧྥ་རན་སི་གཤེན་བསྟན་དར་རྒྱས་གླིང་དུ་བྲིས། །