མདུན་ངོས། » གསར་རྩོམ། » ཆོས་ལུགསམི་སྣ » གྲགས་ཅན་ལོ་ཙཱ་བ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན།

གྲགས་ཅན་ལོ་ཙཱ་བ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན།

 

གྲགས་ཅན་ལོ་ཙཱ་བ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན།

 

ལ་སྟོད་ལྷོའི་དཔྱད་ལུང་ཤར་ཟེར་བའི་ཡུལ་ཚོའི་བོང་ར་ཞེས་པར་སྐུ་བལྟམས། འགྲོ་མགོན་འཕགས་པ་དང་དུས་མཉམ་པའི་ལྕགས་བྱི༡༢༤༠ལོའི་ཡས་མས་སུ་འཁྲུངས་པར་སྣང་། སྐུ་གཞོན་ནུའི་དུས་ནས་རབ་ཏུ་བྱུང་ཞིང་གོ་ལུང་བ་མདོ་སྡེ་རྒྱལ་མཚན་གྱི་དྲུང་དུ་དུས་འཁོར་ཆགས་ལུགས་དང་། བདེ་ཀྱེེ་ཕྲེང་བའི་སྐོར་གསུམ་སོགས་རྒྱུད་སྡེའི་ཆོས་མང་དུ་གསན། གཟའ་གསལ་བར་བྱེད་པའི་སྒྲོན་མེ་སོགས་རྩིས་ཀྱི་བསྟན་བཅོས་མང་དུ་ཕྱག་རྩོམ་གནང་། ཚ་ནར་བླ་མ་སྲག་བདེ་བའི་དྲུང་ནས་ཕར་ཕྱིན་དང་། ཚད་མ། མངོན་པ། འབྲོ་ལུགས་ཀྱི་དབང་རྒྱུད་བཤད་པ་མན་ངག་དང་བཅས་པ་ལེགས་པར་གསན། འགྲོ་མགོན་འཕགས་པས་ཤོང་ལོའི་ཐུགས་འདུན་ལྟར་བདག་རྐྱན་གནང་ནས་རབ་བྱུང་བཅུ་བཞི་བའི་ཤིང་གླང༡༢༦༥ལོར་བལ་ཡུལ་ཏུ་ལོ་ཙཱ་སློབ་ཏུ་བྱོན་ཏེ་པཎྜི་ཏ་ས་དབང་བཟང་པོའི་དྲུང་ནས་སྒྲ་དང་། སྙན་ངག སྡེབ་སྦྱོར། ཟློས་གར། མངོན་བརྗོད་སོགས་དང་། ཁྱད་པར་སྒྲ་རིག་པ་ལ་ཕུལ་དུ་ཕྱིན། ས་སྐྱར་ཕྱིར་ཕེབས་ཏེ་ཐོག་མར་དུང་འཁོར་རྒྱུད་འགྲེལ་ཤོང་འགྱུར་ཞེས་པ་མཛད། དེ་རྗེས་སུ་འཕགས་ཡུལ་རྡོ་རྗེ་གདན་དུ་བྱོན་ནས་མ་ཧཱ་བོ་དྷི་ལ་མཆོད་པ་དང་བསྐོར་བ་མཛད་ཅིང་། པཎྜི་ཏ་ལཀྵིམཱ་ཀ་ར་བོད་དུ་གདན་དྲངས་ནས་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་ལ་བསྟོད་པ། འཇིག་རྟེན་དབང་ཕྱུག་གི་བསྟོད་པ་བརྒྱ་བ། རིག་པ་འཛིན་པ་སྤྲིན་གྱི་བཞོན་པའི་སྐྱེས་རབས་ཀླུ་ཀུན་ཏུ་དགའ་བའི་ཟློས་གར། བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་འཁྲི་ཤིང་། ཀ་ལཱ་པའི་ཏི་ལ་སོགས་པའི་མཐའི་བྱ་བ་རྣམ་པར་དཔྱད་པ ལུང་སྟོན་པ་ཙནྡྲ་པའི་མདོ སྙན་ངག་གི་གཞུང་ཆེན་མེ་ལོང་མ སྡེབ་སྦྱོར་གྱི་དཔེར་བརྗོད་སྟོན་པ། སྡེབ་སྦྱོར་གྱི་ཕྲེང་བའི་བསྟོད་པ འཕགས་པ་འཇམ་དཔལ་གྱི་བསྟོད་པ་བྲྀ་ཏ་མ། བཟློག་པ་བསྡུས་པ་རྩ་འགྲེལ་སོགས་རིག་གནས་ཀྱི་གཞུང་ལུགས་དང་། མངོན་བརྗོད་ཀྱི་བསྟན་བཅོས་ཆེན་མོ་འཆི་མེད་མཛོད་ལ་འགྱུར་མཆན་ཡང་བཀོད། དེ་ནས་སྒྲ་དང་། སྙན་ངག་གི་བཤད་་རྒྱུན་སྔར་བས་དར་སྤེལ་མཛད་ཐོག་སློབ་མ་མཁས་པ་དུ་མ་གསོ་སྐྱོང་གི་དབུ་ཚུགས། ཁོང་གི་སློབ་མ་གཙོ་བོ་ནི། ཁོང་གི་དབོན་པོ་ཤོང་ལོ་ཙཱ་བ་བློ་གྲོས་བརྟན་པ་ཡིན་པ་བཅས། དེ་སྒྲ་རིག་ལ་ཤིན་ཏུ་མཁས་པས་ས་པཎ་གྱི་སྒྲལའང་ལུང་རིགས་ཡང་དག་གིས་བརྒལ་ལན་གནང་བའི་ལོ་རྒྱུས་ཡོད། །