མདུན་ངོས། » གསར་རྩོམ། » ཕྱིས་རྩོམ། » ཚིགས་སུ་བཅད་པ་ཏམ་བུ་རའི་སྒྲ་དབྱངས།

ཚིགས་སུ་བཅད་པ་ཏམ་བུ་རའི་སྒྲ་དབྱངས།

 

 

ནང་དོན་རིག་པའི་དཔའ་བོ་ལུང་རིགས་དབང་ཕྱུག་སེར་བྱེས་གཙང་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཚེ་རིང་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་བསྟོད་པ་ཚིགས་སུ་བཅད་པ་ཏམ་བུ་རའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །

 

རང་རྩོམ་༼གངས་ཐིག༽ནས་དྲངས།

ཐོས་དང་བསམ་པའི་ལུས་སྟོབས་རབ་རྒྱས་ཤིང་། །
བསླབ་གསུམ་གསེར་གྱི་དྲྭ་བའི་རྒྱན་གྱིས་མཛེས། །
ལུང་དང་རིགས་པའི་མཆེ་བ་རྣོན་པོ་ཅན། །
ཟླ་བྲལ་བཤེས་གཉེན་ས་སྲུང་དབང་པོ་རྒྱལ། །

 

རབ་དཀར་སངས་རྒྱས་བསྟན་པའི་ལྕགས་རི་སྟེ། །
གངས་ཀྱི་རྭ་བས་ཀུན་ནས་བསྐོར་བའི་ཞིང་། །
དབུས་གཙང་ཉང་སྟོད་རིག་པའི་འབྱུང་གནས་ཞེས། །
གྲགས་པའི་བ་དན་མངོན་པར་མཐོ་བ་དེར། །

 

ཚུལ་ཁྲིམས་བསླབ་པའི་གངས་རིར་གནས་བཅས་ཏེ། །
ཏིང་ངེ་འཛིན་གྱི་གཡུ་རལ་གྱེན་དུ་གསིགས། །
ཤེས་རབ་གསུམ་གྱི་ལུས་སྟོབས་རབ་རྒྱས་པ། །
བཤེས་གཉེན་གདོང་ལྔའི་དབང་པོའི་སྐུ་མཆོག་ལྷམ། །

 

ངེས་འབྱུང་རྩ་བ་རབ་བརྟན་ཅིང་། །
བྱང་སེམས་ཡལ་འདབ་རྣམ་པར་མཛེས། །
ཡང་དག་ལྟ་བའི་འབྲས་ཁུར་བརྗིད། །
མཁས་མཆོག་དཔག་བསམ་ལྗོན་པར་འདུད། །

 

རྟག་ཆད་མཐའ་བྲལ་དབུ་མའི་ལམ། །
ཀླུ་སྒྲུབ་བློ་མཆོག་རྒྱ་མཚོ་ལས། །
ཉེར་འཁྲུངས་ཤིང་རྟའི་སྲོལ་ཆེན་པོ། །
དཔལ་ལྡན་ཟླ་བ་བདེ་འབྱུང་རྒྱན། །

 

དེ་ཡི་འོད་ཀྱི་ཟེགས་མ་ཡིས། །
ཅི་དགར་སྐྱོང་བའི་དྲི་བསུང་ཅན། །
གངས་ཅན་ཤིང་རྟའི་སྲོལ་འབྱེད་དེ། །
འཇམ་མགོན་རྒྱལ་བའི་སྐྱེད་ཚལ་དུ། །

 

ཀུ་མུད་མྱོང་བའི་སྐལ་བཟང་ནི། །
བསྐལ་མང་ཚོགས་ཀྱིས་བྱིན་པ་ཁྱོད། །
ལུང་རིགས་བདུད་རྩིའི་བཅུད་ལ་ནི། །
དགའ་བདེའི་རོ་ཡིས་མྱོས་པ་བཞིན། །

 

ཉིན་ལམ་གཅིག་གི་རྒྱུས་མེད་ལམ་ལའང་ལམ་ཁྲིད་མཁན་པོ་དགོས་པ་ན། །
སྐྱོན་ཟད་ཡོན་ཏན་ལྡན་པའི་གྲོང་དུ་འཁྲིད་པའི་བཤེས་གཉེན་ལོས་ཀྱང་སྟེ། །
འཛམ་བུའི་རྒྱན་དྲུག་ཟླ་བོར་གྱུར་པའི་ཁྲི་ཟུར་ལྷུན་གྲུབ་བརྩོན་འགྲུས་སོགས། །
ཚངས་དང་དབང་པོ་བླུན་པོའི་གནས་སུ་བཀོད་པར་མཛད་ལ་རབ་བསྟེན་ནས། །

 

བསྟན་པའི་སྙིང་པོ་ཐོས་བསམ་སྒོམ་པས་རྩི་བཅུད་མངར་མོར་རབ་མྱངས་པས། །
ཤེས་རབ་སྙིང་པོ་ཐོགས་པ་མེད་པའི་བློ་གྲོས་ལང་ཚོ་རབ་རྒྱས་ཤིང་། །
ཐོས་བསམ་སྙིང་པོ་ཀུན་སློང་བཟང་པོས་རང་རྒྱུད་བྱི་དོར་ཡང་ཡང་གིས། །
ཉམས་ལེན་སྙིང་པོ་སྒྲུབ་པ་དག་ལ་གཙོ་བོར་གཞོལ་མཛད་དགེ་སྦྱོང་མཆོག །

 

ས་སྟེང་འདི་ཡི་རིན་ཆེན་བཟང་པོར་དམ་པ་རྣམས་ཀྱིས་རབ་བསྔགས་པ། །
མདོ་སྔགས་གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་འདི་ནི་རིན་ཆེན་ཏེ། །
བསྟན་ལ་ཕྱོགས་རིས་རྣམ་པར་གཅོད་པའི་ལྟ་བ་ཡེ་ནས་མི་མངའ་ཁྱོད། །
དོན་གྱི་རྣལ་འབྱོར་ཡིན་ཞེས་བསྔགས་ཚེ་བརྒྱ་བྱིན་གྱིས་ཀྱང་རྩོད་འགྱུར་རམ། །

 

གངས་ཀྱི་ས་འཛིན་རབ་ཏུ་དཀར་ཡང་མུན་པའི་ལྟ་ངན་ངམ་གནག་པས། །
བླང་དོར་ཚུལ་བཞིན་ཤེས་པ་ལྟ་ཅི་སྐྱབས་འགྲོའི་དོན་ལ་རྨོངས་པ་རྣམས། །
བླང་དོར་སྟོན་པའི་བཤེས་གཉེན་ཆེན་པོར་རབ་ཏུ་རློམ་སྟེ་བསྟེན་བྱེད་པའི། །
ལྟར་སྣང་མུན་པའི་ལྟ་བ་འགའ་ཞིག་གངས་ཅན་ཞིང་དུ་མཐོང་བའི་ཚེ། །

 

བླང་དོར་གནས་ཀུན་ཇི་བཞིན་གཟིགས་ཤིང་ཇི་བཞིན་གསུངས་པའི་མཁས་པ་ལ། །
ཚུལ་བཞིན་བསྟེན་ཏེ་ཇི་བཞིན་གཟིགས་པ་མཆོག་ཏུ་ཐོབ་པའི་སྐྱེས་བུ་ཁྱེད། །
ཐར་འདོད་འགྲོ་ལ་ཐར་པའི་ལམ་སྟོན་ཚང་ལ་མ་ནོར་སྟོན་པ་ཡི། །
ཐར་པ་འདོད་གང་ཁྱེད་ཀྱི་རྗེས་སུ་ཐར་པ་བསྒྲུབ་ལ་གཞོལ་བར་རིགས། །

 

བསོད་ནམས་རིན་ཆེན་ནོར་གྱིས་དབུལ་བའི་སྐྱེ་བོ་འགའ་ཞིག་ཡིད་བཞིན་ནོར་བུ་དོན་གཉེར་བར། །
དེད་དཔོན་བཤེས་གཉེན་མགོན་གྱིས་ཡོངས་བཏང་རྒྱུས་མེད་ལམ་དུ་བརྩོན་པ་བརྒྱ་ཡིས་བསྐྱོད་གྱུར་ཀྱང་། །
ཐར་པ་མཆོག་གི་རིན་ཆེན་གླིང་དུ་ཕྱིན་པ་བས་ཀྱང་མཐོང་ཐོས་ཙམ་ཡང་དཀའ་བ་ཡིས། །
སྐྱེ་བོ་ཕལ་ཆེར་འཁོར་བར་འཁྱམས་འདི་བཤེས་གཉེན་ཁྱེད་འདྲ་མ་མཇལ་བ་འདིས་མ་ནོངས་སམ། །

 

གནས་གསུམ་གཞལ་བྱའི་ནམ་མཁའ་རུ། །
འཇལ་བྱེད་ཚད་གསུམ་ཟེར་བརྒྱ་ཡིས། །
རིགས་གསུམ་བློ་མུན་མཐར་བྱེད་པ། །
ཁམས་གསུམ་བླ་མ་ཉི་གཞོན་ཉིད། །

 

བླུན་པོ་རྣམས་ལས་ཁྱད་ཞུགས་གང་། །
མཁས་པ་ཞེས་ནི་བརྗོད་བྱེད་ན། །
མཁས་པ་རྣམས་ལས་ངོ་མཚར་བ། །
ཁྱེད་ལ་སུ་ཡིས་ཅི་ཞིག་བརྗོད། །

 

རྭ་ཅན་འདུས་པའི་ཁྱུ་ཚོགས་སུ། །
དམར་སེར་ཅན་ལ་མཁས་ཞེས་ཟེར། །
ཤེས་ལྡན་ནང་ནས་ཤེས་པ་ཅན། །
ཁྱོད་ནི་ཀུན་མཁྱེན་མ་ཡིན་ནམ། །

 

དེང་དུས་ཤེས་བྱ་ཡ་མ་ཟུང་། །
ཀུན་ལ་འཇུག་པ་འཐོར་རླུང་གིས། །
རྩི་སྦུར་གནམ་ལ་ཁྱེར་བ་ལྟར། །
དོན་གྱིས་སྟོང་པ་མཐོང་བའི་ཚེ། །

 

བློ་གྲོས་ཐར་པ་ཁོ་ན་ཡི། །
ཕྱོགས་སུ་དྲིལ་བའི་མཁས་པ་གང་། །
དྲང་སྲོང་ཆེན་པོའི་རྟུལ་ཞུགས་ཁྱེད། །
ཨེ་མ་ངོ་མཚར་རྨད་དུ་བྱུང་། །

 

ཐར་འཁོར་འཇུག་དང་ལྡོག་པ་ཡི། །
ཏིང་འཛིན་རྣམ་དབྱེ་མི་ཤེས་པར། །
སྤྱན་མིག་ཟིམ་ཟིམ་བྱེད་པ་ཡི། །
བསམ་གཏན་པ་རྣམས་རྒྱུ་བའི་དུས། །

 

བདག་ལྟ་དྲུང་ནས་འབྱིན་ནུས་པའི། །
བསམ་གཏན་བསྒྲུབ་པའི་རིམ་པ་རྣམས། །
སྟོན་མཁས་འགྲོ་བའི་དམིགས་བུ་ཡང་། །
གོ་ལའི་ཁྱོན་དུ་བཞུགས་པ་མཚར། །

 

མཐའ་མེད་ཤེས་བྱའི་བྱ་ལམ་དུ། །
ལུང་རིགས་འཕུར་རྩལ་རྫོགས་པ་ཡི། །
འདབ་གཤོག་མེད་པའི་མཁའ་ལྡིང་ཁྱེད། །
གྲུབ་མཐའི་སྲིད་རྩེར་ལྡིང་བ་མཚར། །

 

འགྲོ་ཀུན་སྙིང་རྗེའི་སྤྱོད་མཆོག་ནི། །
རྟག་ཏུ་ངུ་ཡིས་རྗེས་བཟུངས་ལྟར། །
རྒྱ་ཆེན་སྤྱོད་པའི་ཉམས་ལེན་གྱིས། །
བྱང་སེམས་ཆེན་པོར་བཞེངས་པ་ཁྱེད། །

 

བསྡུས་ཚན་རིག་ལམ་ཆ་ཙམ་གྱིས། །
ཁ་ལག་རྣོ་བའི་མཁས་རློམ་གྱིས། །
མངོན་པའི་ང་རྒྱལ་བྱེད་པ་ཡི། །
རིགས་སྨྲའི་ཁྱུ་ཚོགས་མཐོང་བའི་ཚེ། །

 

གྲུབ་མཐའ་རྒྱ་མཚོའི་ཤན་ཕྱེད་དེ། །
བཞེད་གཞུང་གོ་རིམ་ལྡན་པ་ཡི། །
དྭོགས་གཅོད་ལྷུགས་པར་སྩལ་བའི་ཚེ། །
སྨྲ་དབང་རྣམས་ཀྱང་ཞུམས་པ་བཞིན། །

 

འགྲིག་འགྲིག་ཐག་གཅོད་མི་སྔ་བར། །
ཤིང་རྟའི་སྲོལ་གྱིས་བཀྲལ་བའི་ཚུལ། །
དཀའ་གནད་བཤད་པ་བྱེད་པ་ན། །
ཧོལ་རྒྱུགས་མཁན་རྣམས་མྱོས་པ་བཞིན། །

 

མཁས་མང་ལྷན་ཅིག་རྣོ་བརྡར་ཞིང་། །
དཔྱད་པ་རྫོགས་པའི་ཟིན་མཚམས་ཀྱིས། །
གཞུང་དོན་གཏན་ལ་འབེབས་པ་ཡི། །
རྣམ་པར་ཐར་པ་མཐོང་བ་ན། །

 

རྩོད་པས་གདར་ཤ་མ་བཅད་པའི། །
དཔེ་ཀློག་བྱས་ནས་བཤུས་པ་ཡི། །
དེང་དུས་རྩོམ་པ་ཕལ་ཆེར་ནི། །
ངག་འཁྱལ་ཕུང་པོ་སྤུངས་པ་བཞིན། །

 

དཔྱད་པ་མ་རྫོགས་ཞལ་རྒྱུན་གྱིས། །
དབུལ་བའི་རྩོམ་པ་དགོས་མེད་ཅེས། །
དམ་པའི་སྐྱེས་བུའི་རྣམ་པར་ཐར། །
ཡིད་ལ་ལྷང་ལྷང་བཀོད་པ་བཞིན། །

 

གྲོག་མ་འབྲུག་ཏུ་སྒྲོགས་པ་དང་། །
ཕྱེ་ལེབ་ཁྱུང་དུ་འུར་བ་ཡི། །
ཆེན་པོ་རྣམས་ཀྱང་ཁྱེད་ཀྱིས་ནི། །
སྲིན་འབུའི་གོ་སར་བཀོད་པ་བཞིན། །

 

རྟོགས་པའི་ཡོན་ཏན་ནམ་མཁའི་མཐའ་རིང་ཡང་། །
ཚུལ་གནས་ཆོག་ཤེས་ལྟོ་སྐྱ་གོས་ཧྲུལ་གྱིས། །
དགེ་སྦྱོང་གཤའ་མའི་རྟུལ་ཞུགས་གང་ཁྱེད་ནི། །
འབྲོམ་སྟོན་རྒྱལ་བ་སླར་ཡང་བྱོན་མིན་ནམ། །

 

རྒྱ་བོད་གཞུང་ཆེན་བརྒལ་བརྟག་རྩོད་པ་ཡི། །
རིགས་སྨྲ་རྒྱ་མཚོའི་དབུས་སུ་ཀླུ་དབང་བཞིན། །
ཕས་རྒོལ་གླང་པོ་སྟོང་གི་སྟོབས་འཇོམས་པ། །
ཁྱེད་ཉིད་ཁ་བ་རི་པའི་ཆོས་ཀྱི་གྲགས། །

 

དབུ་ཚད་སེང་གེ་འཇིང་བསྣོལ་གྱིས། །
དངོས་སྟོབས་རིགས་པའི་དབལ་རྣོ་བས། །
རྒོལ་བ་སྟོང་གི་ཀླད་འགེམས་པ། །
མེ་ཆར་བྲག་ལ་འཇུག་པ་བཞིན། །

 

སྙིགས་མའི་དུས་འདིར་དངུལ་དང་དངོས་པོ་སྲིད་པའི་དཔལ་འབྱོར་ཅུང་ཟད་ཀྱིས། །
རྒྱལ་བསྟན་འཛིན་པར་རློམ་པའི་བླུན་པོ་སྲིན་བྱའི་ཚོགས་ནི་འཕེལ་བའི་ཚེ། །
ཨར་ཡ་དེ་ཝ་གཉིས་པ་ལྟ་བུའི་མཁས་མཆོག་ཁྱེད་ཉིད་བྱོན་པ་ཡིས། །
ཤེས་འཆལ་ཐན་སྐད་དགུན་གྱི་ཁུ་བྱུག་ཇི་བཞིན་མིང་གི་ལྷག་མར་གྱུར། །

 

གང་ཞིག་བླུན་པོའི་ཐུན་མོང་རླུང་གིས་རྒྱུ་སྐར་ལམ་དུ་བསྐྱོད་ན་ཡང་། །
འདབ་ཆགས་མཁའ་ལ་འཕུར་བ་ཇི་བཞིན་ངོ་མཚར་ཆུང་དང་མཚུངས་མིན་པར། །
ལམ་གྱི་གཙོ་བོ་གསུམ་གྱིས་ཟིན་པའི་ཁྱེད་ཀྱི་བསྐྱེད་རྫོགས་ཉམས་ལེན་དེ། །
ཡང་དག་གསང་སྔགས་བསྟན་པ་ཡིན་མིན་རྩོད་པའི་གོ་སྐབས་ཀུན་ཏུ་ཕྲ། །

 

ངེས་པར་འབྱུང་བའི་བློ་དང་མི་ལྡན་བྱང་སེམས་མྱུ་གུས་སྟོང་པ་ཡི། །
ཞི་གནས་གཅིག་གིས་བསྐལ་པར་འཁྱོལ་ཡང་ལྷག་སྤྱོད་ས་ལས་འཕགས་མིན་པ། །
ཇི་བཞིན་གཟིགས་ཏེ་རྒྱ་ཆེན་སྤྱོད་པའི་གཞུང་མང་དག་ལ་ཐོས་བསམ་དང་། །
མཐའ་ཡས་རིགས་ཚུལ་ཕྲ་མོ་དག་གིས་བདེན་གཉིས་གནས་ཚུལ་ལེགས་པར་གཟིགས། །

 

ཟག་བཅས་གྲུབ་རྟགས་ཉི་ཚེ་ཙམ་ཞིག་དོན་དུ་གཉེར་བ་མ་མཛད་ཅིང་། །
ཐུན་མོང་ཚེ་དང་ནོར་གྱི་དངོས་གྲུབ་དེ་བཞིན་ཆོས་བརྒྱད་བྱ་བ་ལ། །
རེ་མིན་འདོད་ཆུང་ཆོག་ཤེས་ཁོ་ནས་བགྲང་ཡས་དགེ་འདུན་རྒྱ་མཚོའི་ཁྱུར། །
མཆོག་གི་དངོས་གྲུབ་དོན་དུ་གཉེར་ཁྱོད་དོན་གྱི་རྣལ་འབྱོར་ཆེན་པོ་ཉིད། །

 

སྐྱེ་དང་ཤི་བ་བར་དོ་གསུམ་གྱི་ཐུན་གསུམ་སྨག་རུམ་མཐར་བསྐྲད་པའི། །
བསྐྱེད་རིམ་ཕྲ་རགས་ལྷ་ཡི་རྣལ་འབྱོར་ཉིན་མོར་བྱེད་པའི་འོད་ཟེར་གྱིས། །
སྣང་སྲིད་ལྷ་ཡི་འཁོར་ལོར་ཤར་བའི་མཉམ་རྗེས་ཟབ་མོའི་ཉམས་ལེན་གྱིས། །
སྐུ་གསུམ་དཔེ་མེད་གྲོང་ཁྱེར་ཆེན་པོ་མངོན་གྱུར་ལྟད་མོ་གཟིགས་པ་ཁྱེད། །

 

སྲོག་རྩོལ་དབུ་མར་ཞུགས་གནས་ཐིམ་གསུམ་གྱིས། །
དབེན་གསུམ་སྒྱུ་འོད་ཟུང་དུ་འཇུག་པའི་ལམ། །
རིམ་ལྔའི་རྫོགས་རིམ་ལྷའི་རྣལ་འབྱོར་གྱིས། །
རིག་པ་འཛིན་པར་གྱུར་པ་གང་གི་ཞབས། །

 

སྨྲ་བ་ཟླ་བྲལ་སྔ་ཕྱི་འགལ་མེད་མཚམས་སྦྱོར་པ་ཊའི་རི་མོ་བཀྲ། །
གཞུང་དོན་གོ་བ་བསྐྱེད་པའི་བསྡུས་དོན་མེ་ལོང་ནང་གི་གཟུགས་བརྙན་གསལ། །
གྲུབ་མཐའ་འདྲ་མིན་བརྒལ་བརྟག་རྩོད་པའི་རིགས་འཕྲུལ་རལ་གྲིའི་དབལ་སོ་རྣོ། །
ཡན་ལག་རྒྱས་བཤད་དཀའ་གནད་རྣམ་གསལ་རྩིབས་སྟོང་འཁོར་ལོ་རྣམ་པར་བསྒྱུར། །

 

འགའ་ཞིག་འཆད་ཚེ་གཞུང་གི་གནད་དོན་ཡལ་བར་དོར་ཏེ་སླ་བའི་ཕྱོགས་སུ་སྐྱོར་ཟློས་བྱེད། །
རྩོད་པའི་ཚེ་ན་དྭོགས་གནས་མེད་པར་ཚིག་ལ་འཆེལ་བའི་ངར་སྐད་རྣ་བ་ཚ་བ་ཙམ། །
རྩོམ་པའི་ཚེ་ན་ཕྲད་དང་རྣམ་དབྱེའི་སྦྱོར་བ་ལ་རྨོངས་དེང་གི་མཁས་རློམ་ཕལ་མོ་ཆེ། །
ཁྱེད་ཀྱི་ཡོན་ཏན་མཐོང་ཐོས་མ་གྱུར་རང་རང་མལ་དུ་ཉལ་བ་དག་ནི་བློ་བདེའི་གནས། །

 

བདེར་གཤེགས་གསུང་རབ་ཀུན་ཀྱང་གང་ཟག་གཅིག །
ངེས་ལེགས་ལམ་མཆོག་འཐོབ་པའི་རྩ་ལག་དངོས། །
ལུང་དང་རིགས་པས་བསྡུས་ནས་ཉམས་ལེན་དུ། །
མ་ནོར་ལམ་སྟོན་མཛད་པའི་བཤེས་གཉེན་གང་། །

 

ཐར་པ་ཆེན་པོར་འཁྲིད་པའི་ལམ་གྱི་ཚུལ། །
དྲི་མེད་རིགས་པས་གཏན་ལ་ལེགས་ཕབ་སྟེ། །
དཔྱད་པའི་དངོས་པོ་བློ་ལ་གོམས་པ་དེ། །
སྒོམ་ཞེས་བྱ་བ་ཡིན་པར་དམ་པས་གསུངས། །

 

བསྟན་ལ་གོ་བ་མ་ཆགས་གནག་རྫི་ཞིག །
རི་སུལ་སྟོང་པར་བསྐལ་པར་བསྡད་ན་ཡང་། །
འཁོར་བའི་རྩ་བ་གཅོད་པའི་སྐབས་མེད་ན། །
དེ་ཕྱིར་དམ་པའི་ཡོན་ཏན་ཚད་མར་རིགས། །

 

རིག་བྱེད་གཞུང་གི་ཕུལ་བྱུང་སྒྲོ་བཏགས་ཉམས་འགྱུར་རྒྱན་གྱིས་རབ་སྤྲས་ཏེ། །
ཤོག་བུའི་དངོས་པོ་བཀྲ་གསལ་སྟག་གི་རྣམ་པ་བཏོད་པ་མ་ཡིན་པར། །
མཁས་པ་རྣམས་ཀྱིས་སྙན་ངག་རྒྱལ་པོར་རབ་བསྔགས་རང་བཞིན་བརྗོད་པ་འདི། །
བཤེས་གཉེན་ཡུན་རིང་བསྟེན་པའི་དངོས་བྱུང་སྲོག་ཏུ་བཟུང་བའི་ཚིགས་བཅད་ཡིན། །

 

སངས་རྒྱས་བསྟན་ལ་ངེས་པ་རྙེད་པ་དང་། །
ཐར་པའི་ཕྱོགས་སུ་བྲོད་པ་སྐྱེ་བ་དང་། །
གཞུང་ཆེན་དུ་མ་མཇལ་བའི་བློ་སྦྱིན་པ། །
རྗེ་བཙུན་ཁྱེད་ནི་བདག་གི་བཤེས་གཉེན་དངོས། །

 

དེ་ཕྱིར་བསམ་ཡས་ཡོན་ཏན་ནམ་མཁའི་མཐའ། །
ཕལ་པའི་སྐྱེ་བོའི་འདོམ་གྱིས་འཇལ་མིན་ཡང་། །
དེང་འདིར་རྩ་ཡི་ཟིལ་ཐིགས་ཙམ་བརྗོད་པ། །
རྒྱལ་འཕགས་གོང་མ་དགྱེས་པའི་མཆོད་སྤྲིན་ནོ། །

 

དེ་ལྟའི་རྣམ་དཀར་ཆ་ཙམ་བསགས་པ་ཡིས། །
བདག་སོགས་ལུས་ཅན་ཚེ་རབས་ཐམས་ཅད་དུ། །
དགེ་བའི་བཤེས་ཀྱིས་ནམ་ཡང་མི་གཏོང་བར། །
ཡང་དག་ལམ་གྱི་འབྲས་བུ་མཆོག་བརྙེས་ཤོག། །།

སྤྱི་ལོ་༢༠༠༩ཟླ་༡༡ཚེས་༧ཉིན་བལ་ཡུལ་གནས་ཆེན་གསུམ་གྱི་ཡ་གྱལ་འཕགས་པ་ཤིང་ཀུན་ཞེས་པ་རང་བྱུང་མཆོད་རྟེན་ཆེན་པོའི་ཉེ་འཁོར་དུ་རྗེ་ཉིད་ཀྱི་སློབ་མའི་གྲལ་མཐར་གནས་པ་དྲང་སྲོང་རྣམ་རྒྱལ་གྱིས་བྲིས་པའོ།། །།