མདུན་ངོས། » གསར་རྩོམ། » མི་སྣ་གཞན། » ཧང་སང་བའི་གཡུལ་འཁྲུག གཉིས་པ།

ཧང་སང་བའི་གཡུལ་འཁྲུག གཉིས་པ།


ཧང་སང་བའི་གཡུལ་འཁྲུག

རང་རྩོམ་གངས་རིའི་བརྩེ་དུང་ལས་དྲངས།

ཐེངས་དང་པོའི་དམར་འཛིང་།

སྔར་བློ་གྲོས་དང་ཁོང་གཉིས་རྫོང་ལ་གཏུག་རྒྱུའི་བགྲོ་གླེང་ལྟར་བློ་གྲོས་ཀྱིས་རོགས་གཉིས་པོ་མར་ཙམ་བཞག་སྟེ། ཀ་ཆེན་ཟམ་ཁ་ནས་ཡར་རྫོང་གི་ལས་ཁུངས་ལ་ཡོང་བ་དང་ཁེལ་ཏེ་ཁོང་གཉིས་ཐུག་འཕྲད་བྱུང༌། བློ་གྲོས་ཀྱིས། ད་ངེད་གཉིས་གནས་ཚུལ་ཐག་གཅོད་བྱེད་དུ་རྫོང་གི་ལས་ཁུངས་ལ་ཡར་འགྲོ། ཞེས་ལབས་པར། དགའ་ཡུས། ཡ་ཡ། ཞེས་བརྗོད་པ་དང་ཆབས་ཅིག་ཧ་ཅང་རིང་པོ་ཞིག་མ་ཡིན་པའི་རལ་གྲི་དེ་གློ་ནས་སྟོན་ཏེ་བྱ་ལོང་དང་བྱེད་ལོང་མེད་པར་བློ་གྲོས་ཀྱི་བྲང་ཁར་ཐེངས་གཅིག་བསྣུན་པས་བློ་གྲོས་ཀྱི་ཚལ་སློག་སྐྱ་ཧྲུལ་གྱིས་དབྲལ། འོན་ཀྱང་བློ་གྲོས་ཀྱི་ལུས་པོར་མ་གནོད། རྩལ་ལྡན་གྱི་ཕོ་རྒོད་དགའ་ཡུས། ཡང་བསྐྱར་མཆོང་ཐེངས་ཤིག་དང་སྦྲགས་ཐེངས་གཅིག་བསྣུན་པས་བློ་གྲོས་ཀྱི་མཆན་བུ་ལ་ཐེབས་ཀྱང་ཅི་ཡང་གནོད་མ་ཐུབ། དེ་རྗེས་བློ་གྲོས་ཀྱིས་འཆང་བཞིན་པའི་སོ་ཞེང་ཤིན་ཏུ་ཆེ་ལ་རྣོ་དབལ་ངར་དང་ལྡན་པའི་སྤུ་གྲི་རྣོན་པོ་དེ་ཤུབས་ནས་ཕྱུང་བ་དང་ཆབས་ཅིག་ནམ་མཁའ་ལ་ཕྱར་ནས་ཕན་ཚུན་གྲི་འཛིང་བྱེད་བཞིན་པའི་སྐད་སྒྲ་ནི་ཕྱོགས་དེ་དང་ཐག་ཅུང་ཉེ་བའི་ཚོང་ཁང་ན་ཡོད་པ་རྣམས་དང༌། ཡར་མར་ལམ་འགྲོ་བ་རྣམས་ཀྱང་རྣ་བ་སུན་སྙམ་བྱས་ཏེ་རང་རང་གི་བགྱི་སྒོ་གང་ཡིན་པ་དེ་དག་རང་དགར་བསྐྱུར་ནས་ཅི་ཡིན་ནམ་སྙམ་དུ་རེ་དྭོགས་སྣ་ཚོགས་ཀྱིས་སྒོ་ཁར་མི་ཐོན་དབང་མེད་དུ་གྱུར་ཡོད་པ་མ་ཟད། ཇི་བཞིན་མཐོང་མཁན་རྣམས་ཀྱང་ཅི་འདི་ཁོང་གཉིས་ཀྱི་གཡུག་རྩལ་འདིས་གླིང་གི་དཔའ་བརྟུལ་ཡང་ཕམ་པར་བྱེད་པ་མ་ཡིན་ནམ་ཞེས་ཧ་ལས་ཤིང་ཧང་སང་བའི་རྣམ་པ་ཕྱིར་མངོན་བཞིན་པ་ཤ་སྟག་གོ ནམ་ཞིག་ནས་དགའ་ཡུས་ཡང་བསྐྱར་རལ་གྲི་དེ་བློ་གྲོས་ཀྱི་ལྟེ་བའི་ཕྱོགས་སུ་ཐེངས་གཅིག་བསྣུན་པས་སྔར་ལྟར་ཚལ་སློག་དབྲལ་ཡང་བློ་གྲོས་ལ་གླགས་མི་རྙེད་པ་ལྟ་བུར་གྱུར་ཏེ་ཁོང་གཉིས་ཕམ་རྒྱལ་མ་བྱུང་བའི་སྐབས་དེར། བློ་གྲོས་ཀྱི་དཔུང་རོགས་བློ་གྲོས་ཨ་ཡུ་ཟེར་བ་དེའང་འཕྲལ་དུ་དེར་འབྱོར་ཏེ་རྒྱབ་ཕྱོགས་ནས་གྱད་རྡོ་ཆེན་པོ་ཞིག་དགའ་ཡུའི་སྒལ་ཐོག་ཏུ་ཐེ་མི་ཚོམ་པར་དབྱུགས་པས་དགའ་ཡུ་རྡོ་ཟིལ་གྱིས་ས་ལ་འགྱེལ་གྲབས་བྱེད་པ་དང་སྟབས་བསྟུན། བློ་གྲོས་ཀྱིས་གྲི་བར་སྣང་ནས་གཡུག་པས། དགའ་ཡུའི་ལག་གཡོན་པས་གྲི་ཁ་འགོག་པར་རྩོམ་པ་ན་སྲ་མཁྲེགས་ཅན་གྱི་ཆུ་ཚོད་ལུང་ཐག་ཐོག་ཏུ་ཁེལ་ཏེ་དེ་དུམ་བུར་བཅད་སོང་བ་ལ་བལྟས་ན་དགའ་ཡུའི་ལག་ངར་དེ་དཀོན་མཆོག་གང་ཞིག་གིས་བསྐྱབས་ཡོད་པ་མ་ཤེས། ཡང་བསྐྱར་བློ་གྲོས་ཀྱི་གྲིས་མར་གཞོགས་འདེད་ཐེངས་གཅིག་བྱེད་པ་དང་ཆབས་ཅིག སྟབས་མ་ལེགས་པར་དགའ་ཡུའི་འཁུར་མགོ་ལ་ཕོག་སྟེ་གྲི་རྨས་ཆེ་ཙམ་བྱས། ཡང་བློ་གྲོས་ཀྱིས་དགའ་ཡུ་ལ་རྡོག་ཐོ་ཐེངས་གཅིག་གཞུས་སྐབས་དགའ་ཡུས་རལ་གྲི་བསྐྱར་དུ་བསྣུན་པས་བློ་གྲོས་ཀྱི་འཇོར་སྟ་དབྲལ་ཏེ་རྐང་པར་རྨས་སྐྱོན་ཅུང་ཙམ་བྱུང། གང་ལྟར་ཡང༌། དགའ་ཡུས། དེ་རིང་ཁྱོད་ཀྱིས་ཚོད་ཟུངས་ཤིག ཅེས་བྱས་ཏེ་དཔའ་ཚོད་བཟུང་ནས་དེ་ཉིན་སོ་སོར་གྱེས། རྗེས་སོར་བློ་གྲོས་ཀྱི་སྐད་ཆ་ཞིག་ལ་གལ་སྲིད་དགའ་ཡུ་ཁོས་ཆུ་དབྱུག་དེ་ལག་ཆར་བེད་སྤྱོད་བྱས་པའི་དབང་དུ་བཏང་ན་ང་ལ་སྐྱ་ཟིང་ཞིག་བཟོས་ཡོད་པ་ཐག་གིས་ཆོད། འོན་ཀྱང་ཁོས་དབྱུག་པ་དེ་གར་བཞག་སྟེ་གྲི་སྟོན་ནས་ཚུར་སླེབས་སོང༌། ཞེས་བཤད་ཡོད་སྐད། ཡང་ཤོད་ཚུལ་གཞན་ཞིག་ལ་སྐབས་དེར་དགའ་ཡུའི་གྲི་དེ་ཧ་ཅང་ཆེན་པོ་ཞིག་མ་ཡིན་སྟབས་ཆུ་ཁུར་བྱེད་དབྱུགས་པ་དེ་ལག་གཡོན་པས་འཆང་བཞིན་དུ་གྲི་ཁ་འགོག་ཅིང་ཡོད་པར་ཡང་བཤད། བློ་གྲོས་རྐང་པར་རྨས་སྐྱོན་བྱུང་བའི་དབང་གིས་སྨན་ཁང་དུ་བཅར་དགོས་པའང་བྱུང་བ་རེད༑ རྗེས་སོར་མི་རྣམས་ཀྱིས་མཐོང་བའི་ཚེ་ན་བློ་གྲོས་ཀྱི་རལ་གྲི་དེ་ཉག་ཀ་མང་པོ་ཞིག་བཟོས་ཡོད་པ་ལ་བལྟས་ན་དགའ་ཡུའི་རལ་གྲི་དེ་ཆུང་ཡང་རྣོ་ངར་ལ་གླག་མེད་པ་ཞིག་ཡིན་ཅེས་བརྗོད་ཆོག
དགའ་ཡུ་སྨན་ཁང་དུ་སྡོད་པའི་རིང་རང་གི་གྲོགས་པོ་རྣམས་ཀྱི་འགྲོ་འོང་ནི་དགུན་གྱི་བུ་ཡུག་འཚུབ་པ་དང་སྒོ་ཀུན་ནས་མཚུངས་ཞེས་མི་རྣམས་ཀྱིས་ཤོད་པར་བྱེད། ཁོ་རང་མི་རིང་བར་དྲགས་སྐྱེད་ལེགས་པོ་བྱུང་བས་སྐྱེལ་འདྲེན་སྣུམ་འཁོར་གཏོང་བཞིན་ཚོང་ལས་ལ་སྔར་ལྟར་གཉེར་ཞིང་མཆིས།
སྐབས་དེར་ཁོང་གཉིས་རྫོང་གི་སྤྱི་བདེ་ལས་ཁུངས་ལ་ཐེངས་ཁ་ཤས་ཞུ་གཏུག་བྱས་སྐབས་བློ་གྲོས་ཀྱི་དཔང་རྟགས་སུ་མཚོ་རྒྱལ་ཡོད་ཚུལ་བཤད་པ་ལྟར་མཚོ་རྒྱལ་ཁྲིམས་ཁང་དུ་ཁྲིད་ཡོད་སྐད། རྒྱུ་མཚན་གང་ཡིན་མ་ཤེས་ནའང༌༑ མཚོ་རྒྱལ་གྱིས་ཁྲིམས་ཁང་ནང་དུ་དཔང་རྟགས་གསལ་པོ་ཞིག་མ་བྱུང་བས་དེ་གའི་ལས་བྱེད་པས་འདི་ཡིན་དེ་མིན་གྱི་བཅད་ཁྲ་གང་ཡང་མ་བྱུང་བར། བློ་གྲོས་ཀྱིས་རྫོང་གི་སྤྱི་བདེ་ལས་ཁུངས་ཀྱི་ལས་བྱེད་རྒན་པ་ཀྲི་ཐར་ཟེར་བ་དེ་ལ། ཁྱོད་ཀྱིས་ཐག་གཅོད་ཡག་པོ་ཞིག་མ་བྱས་ན་ཁྱོད་རང་ཡང་ཡག་པོ་ཡོང་མི་སྲིད་པའི་ཚུལ་འཇིགས་སྐུལ་བྱས་པས། ཁོ་རང་ཉེས་གཡོལ་གྱི་ཆེད་མི་རིང་བར་ས་གནས་གཞན་དུ་གནས་སྤོས་བྱས་ཡོད་སྐད་འདུག
གསས་དབང་གིས་དགའ་ཡུ་ལ། བློ་གྲོས་ཀྱིས་རང་དགར་ཁྱོད་རང་ལ་བསྙད་བརྐོ་བར་འདུག་ན་ཁྱོད་ཀྱིས་ནག་ཉེས་ཁས་ལེན་བྱ་ཐབས་མེད་པས་ང་ཚོས་དཔུང་རོགས་བྱེད་ནས་གདོང་ལེན་བྱེད་དེ་དཔའ་རྒོད་ཕན་ཚུན་བསྡུར་ན་ལེགས། ཞེས་དཔའ་གཏམ་བསྒྲགས་ཡོད་སྐད། ཡང་སྙིང་དགའ་ཡུས་སེམས་ཁོངས་ལ་སྔར་ནས་ཁས་ལེན་བྱ་ཐབས་མེད་པའམ། གསས་དབང་གི་རམ་འདེགས་ཀྱིས་མེ་འབར་བའི་སྟེང་དུ་ཤིང་གི་དཔེ་ཟླར་གྱུར་ཡོད་དམ་ཆ་མ་འཚལ་བས། ཁོང་གཉིས་ཕན་ཚུན་ཀེར་ཀེར་གྱི་ཕྱག་དང༌། སྒུར་སྒུར་གྱི་ཞུ་འབུལ་གང་ཡང་བྱེད་འདོད་མེད་པར་མུ་འཐུད་འགྲིགས་འཇགས་བྱེད་རྒྱུར་ལྷོད་གཡེང་གི་གནས་སུ་གྱར་ཡོད་འདུག
གྱོད་ཡ་སྟག་གཟིག་ཁ་སྤྲོད་ལ། །འགྲིག་རྒྱུའི་རེ་བ་རྦད་དེ་ཟད། ཅེས་པ་ལྟར༑ སྐབས་འདིར་ཁོང་གཉིས་ཀྱི་གནས་ཚུལ་ནི་སྔར་དང་མི་འདྲ་བར་ཛ་དྲག་གི་གནས་སུ་སླེབས་ཡོད་པ་ཁྱེད་རྣམས་ཀྱིས་ལོས་མཁྱེན། དགའ་ཡུའི་གྲོགས་པོ་གསས་དབང་ནི་སྦྲ་ཆེན་རྫོང་ནས་ཡིན་ཞིང་དེའི་སྔོན་གཞན་སུས་ཀྱང་གླགས་མ་རྙེད་པའི་ཕོ་རྒོད་མཚན་སྙན་ཅན་ཞིག་རེད་ལ། དགའ་ཡུ་ལ་ལྟོས་ཏེ་བློས་ཐུབ་ཀྱི་གྲོགས་པོ་ཞིག་སྟེ། ཞིམ་མངར་ཇ་ཆང་མཉམ་འཐུང་དང༌། གདན་ཆུང་གྲུ་བཞིར་མཉམ་སྡོད་བྱེད་པའི་དཔའ་རྒོད་ཅིག་ཀྱང་ཡིན། ཡ་མཚན་པ་ཞིག་ལ། གསས་དབང་ནི་སྐབས་འགར་རལ་གྲི་རྒྱབ་ཁུར་བྱེད་མཁན་ཞིག་ཡིན་པའང་ཐོས༑ དགའ་ཡུུ་དང་རང་གི་གྲོགས་པོ་གསས་དབང་གཉིས་ཀྱིས་བློ་གྲོས་རང་དགར་འཇོག་རྒྱུ་མིན་ཚུལ་གྱི་དཔའ་གཏམ་ཅི་དགར་སྒྲོགས་བཞིན་པ་ནི། ཕལ་ཆེར་ས་མཐོའི་བོད་ལྗོངས་ཀྱི་ཁོར་ཡུག་ཀུན་ཏུ་རླུང་བུ་བཞིན་རྒྱུ་ཞིང་ཡོད་ལ། མི་རྣམས་ཀྱིས་དགའ་ཡུ་དང་བློ་གྲོས་གཉིས་ཀྱི་ཕྱོགས་སུ་རྣ་བ་གཏོད་བཞིན་ཀྲོང་ངེར་ཉན་ཞིང་ཡོད་པ་མ་ཟད། ཁོང་གཉིས་ལ་དོ་སྣང་དང་འདྲི་གཅོད་མི་བྱེད་མཁན་མེད་པ་ལྟ་བུར་གྱུར།
སྐབས་འདིར་བློ་གྲོས་ནི་རང་གི་ལུང་པ་སོག་མཁར་དུ་སྡོད་ཅིང་ཡོད་མོད། ཁོ་རང་ཡང་བློ་ཐག་གང་ཞིག་སེམས་གཏིང་ནས་བཅད་ཟིན་པ་མིན་ནམ་སྙམ་སྟེ༑ དུས་ཀྱི་རྒྱུ་བ་ཐུང་ངུ་ཞིག་གི་རིང་དུའང་ཁྱིམ་གྱི་རྒྱུ་ནོར་ཡོད་ཚད་རང་གི་སྲིང་མོ་དང༌། ནང་མི་གཞན་ལ་བགོ་བཤའ་བྱས་པ་དང༌། དགོན་པར་མཆོད་འབུལ་བྱས་པ་སོགས་ཀྱིས་གར་འགྲོ་ཆོག་ཆོག་ལྟ་བུ་བྱས་ཏེ་བསྡད་ཡོད་པའི་སྐད་ཆ་དེ་བདེན་ན། མི་རྣམས་ཀྱིས་དངངས་སྐྲག་དང་དོ་སྣང་གཉིས་ཀ་ཆབས་ཅིག་སྐྱེ་འོས་པའི་གཏམ་གསར་པ་དེ་ནི། དྲི་འཛིན་དང་ལྷན་ཅིག་ཏུ་འགྲོགས་ཏེ་གྲོང་དང་གྲོང་ཁྱེར་གྱི་མི་རྣམས་ཀྱི་ཐོས་འཛིན་གྱི་བཅུད་དུ་ལྷང་ལྷང་དུ་གྱུར། རྒྱུ་མཚན་འདི་དག་ལ་བརྟེན་ནས་ཁོང་གཉིས་ཀྱི་འགལ་བ་དེ་རྣོ་ངར་ཆེ་རུ་སོང་ཡོད་པ་ནི་མི་ཀུན་གྱིས་ལོས་ཤེས།
དགའ་ཡུའི་གཟའ་ཟླ་ནི་བ་ལམ་ཐང་ནས་ཡིན་ལ་ཁྱིམ་ཚང་གི་མིང་ཨ་ཐོད་ཚང་དུ་འབོད། ཁོ་རང་འཆར་ཅན་དེར་སྡོད་ཅིང་ཡོད། བ་ལམ་ཐང་དུ་དགའ་ཡུ་དང༌། གསས་དབང༌། བཀྲ་ཤིས་ལྷ་དར་གསུམ་གྱིས་ལུས་ཀྱི་ཤེད་རྩལ་སྦྱོང་བའི་ཚུལ་ནི་མི་རྣམས་ཧ་ལས་དགོས་པ་ཞིག་སྟེ། ཁོང་ཚོས་སྐྱེལ་འདྲེན་འཕྲུལ་འཁོར་གྱི་འཁོར་ལོ་འབེན་ལ་བཞག་སྟེ་རལ་གྲིའི་གཡུག་རྩལ་སྦྱོང་བའི་ཚེ་གཡུག་ཐེངས་རེས་ཀྱང་འཁོར་ལོ་དུམ་བུུ་ཁ་ཤས་གཏོང་ཞིང་འདུག་ཟེར༑ བཀྲ་ཤིས་ལྷ་དར་ནི། བཏང་ན་མདའ་དང༌། བཀུག་ན་གཞུུ་ལྟར་ཉན་པའི་དགའ་ཡུ་དང་མཉམ་ཤི་མཉམ་གསོན་བྱེད་ཐུབ་མཁན་དཔའ་རྩལ་ལུས་ལ་རྫོགས་པའི་ཕོ་རྒོད་ཅིག་ཀྱང་ཡིན།
བློ་གྲོས་ཀྱི་ལུང་པ་སྟེ། ནགས་ཀླུང་སྟུག་པོ་ཉི་ཟླའི་འཁོར་བགྲོད་ཀྱང་ཆ་མི་འཚལ་བའི་ལུང་པ་དེར་ཁོ་རང་གི་དཔུང་རོགས་ཁག་ཅིག་དང་ལྷན་དུ་རལ་གྲིའི་གཡུག་རྩལ་སྦྱོང་སྟེ་ཤིན་ཏུ་བྱང་བའི་ཚུལ་ནི། རལ་གྲིའི་སོ་ཁ་རེག་པ་ཙམ་གྱིས་ཤིང་སྡོང་ཡང་ཧ་ལམ་དུམ་བུར་གཏོང་བ་མ་ཟད། གཡག་རྭ་སྦོམ་པོ་དག་ཀྱང་གནམ་དུ་གཡུག་ནས་རལ་གྲིའི་ཁར་ལེན་པ་ཙམ་གྱིས་དུམ་བུར་གཅོད་པ་སོགས་གཡུག་རྩལ་ལ་བྱང་ཆུབ་པར་གྱུར་པའི་ཚུལ་ནི་མི་རྣམས་ཀྱིས་ལྕེ་རྩེ་ངལ་བཞིན་དུ་བརྗོད་ཅིང་ཡོད།
དགའ་ཡུ་དཔུང་རོགས་དང་བཅས་པས་བློ་གྲོས་དང་རྩལ་འགྲན་བྱེད་རྒྱུར་སྐོམ་པ་ཆུ་འདོད་ལྟར་གྱུར་ཏེ་བློ་གྲོས་དང་མྱུར་དུ་འཕྲད་ན་ཅི་མ་རུང་སྙམ་དུ་ཉིན་མཚན་གཉིས་ཀར་འགྲན་བསྡུར་བྱེད་པའི་མངོན་འདོད་ཀྱིས་ར་རོས་པ་ལྟ་བུར་གྱུར་ཡོད་པའི་གཏམ་གྱི་སྙིང་པོ་ནི་ཇི་སྐད་དུ། ཐག་ཆོད་པའི་གཏམ་དེ་མང་མི་དགོས། ཞེས་པ་ལྟར་དགའ་ཡུས་བློ་གྲོས་ལ་ཆ་འཕྲིན་ཐུང་ངུ་ཞིག་སྤེལ་བ་ནི་འདི་ལྟར།
བློ་གྲོས་ཁྱོད་རང་ཕོ་ཁྱོ་ག་ཞིག་ཡིན་ན། ད་ནགས་གསེབ་ཏུ་བྱ་ཁྭ་ཏ་དང་ལྷན་དུ་མ་སྡོད་པར་མྱུར་དུ་དོང་ཤོག ཅེས་པ་དེ་རེད།
དགའ་ཡུ་ནི་ད་དུང་རང་གི་དཔུང་རོགས་མང་པོ་དང་ལྷན་དུ་རླངས་འཁོར་གཏོང་གིན་ཡར་མར་འགྲོ་བསྐྱོད་བྱེད་ཅིང་ཡོད་ལ། བློ་གྲོས་ཀྱང་དེ་བཞིན་གྲོགས་པོ་མང་པོ་དང་ལྷན་དུ་དབྱུགས་རྩལ་ལ་བྱང་ཆུབ་པར་སྦྱོང་བཞིན་ཡོད།
རྗེས་སོར་དགའ་ཡུ་རང་གི་སྐྱེལ་འདྲེན་རླངས་འཁོར་ནང་ནག་ཆུ་ཁ་ལ་ཡར་ཡོང་བའི་ལམ་ཁར་ཀོང་ལའི་འདབ་ནས་བསྐྱོད་སྐབས་བློ་གྲོས་དཔུང་རོགས་འགའ་ཞིག་དང་ལྷན་ལམ་ཟུར་དུ་འགྲེང་བཞིན་ཡོད་པ་མཐོང་ཚེ། དགའ་ཡུས་མོ་ཊ་ག་ལེར་འགྲོ་བཞིན་པར་ལག་གཡས་པའི་ཐུང་མདས་གཡུག་གཡུག་འགའ་ཞིག་གི་བརྒྱུད་གསང་བརྡ་ཇི་ཞིག་སྟོན་ཡོད་པ་དེས། དོན་དུ་གཡུལ་ལས་ལ་འཇུག་པའི་ཕྱིར་དུ་ནག་ཆུ་ལ་ཤོག་ཅེས་པའི་དོན་ཡིན་པ་ནི་ཡིད་གཉིས་མེད་པ་བཞིན་བློ་གྲོས་ཀྱིས་ཀྱང་གསལ་བར་གོ་ནུས་པ་ལྟ་ཅི་སྨྲོས།
ཤོད་ཚུལ་གཞན་ཞིག་ལ་དགའ་ཡུ་སོག་ལ་མར་ཡོང་སྐབས་ཀོང་ལའི་ལ་མགོར་བློ་གྲོས་མི་མང་པོ་དང་ལྷན་དུ་རླངས་འཁོར་ཞིག་གི་ཐོག་ཏུ་བསྡད་ཡོད་པ་མཐོང་ཚེ། དགའ་ཡུས་ཐུང་མདའ་སྟོན་སྟེ་ཚད་ཚད་བྱས་ཡོད་ནའང་བློ་གྲོས་མི་མང་གི་ཁྲོད་དུ་ཡོད་པས་གོ་སྐབས་མ་བྱུང་བ་ཡིན་ཟེར།
དགའ་ཡུ་ནག་ཆུ་ལ་འབྱོར་ཏེ་རང་གི་དཔུང་རོགས་དང་ལྷན་དུ་སྤྲོ་སྐྱིད་ལ་རོལ་ཞིང་ཡོད་ལ། བློ་གྲོས་སྐབས་དེར་འབྱོར་མེད་པས་དགའ་ཡུས་ཆ་འཕྲིན་བསྐུར་ཡོད་ཚུལ་འདུག
ཡང་ཤོད་ཚུལ་གཞན་ཞིག་ལ་ཉིན་ཞིག་ཁོང་གཉིས་ནག་ཆུ་ལ་འཕྲད་སྐབས་སང་ཉིན་ང་གཉིས་བསྡུར་རྒྱུ་ཡིན་ཚུལ་གྱི་སྐད་ཆ་བྱས་ཏེ་དེའི་ཐོག་ཏུ་ཁེལ་སོང་བ་ལས་སྐབས་འདིར་ཕན་ཚུན་འཕྲིན་སྐྱེལ་བྱེད་མཁན་མེད་པ་འདྲ་ཞེས་ཤོད་ཚུལ་ཡང་འདུག
རྗེས་སོར་བློ་གྲོས་ཀྱང་དེ་བཞིན་ནག་ཆུར་སླེབས་ཡོད་པ་མ་ཟད། རང་གི་གྲོགས་པོ་འགའ་དང་ལྷན་དུ་བསྡད་ཡོད།
དགའ་ཡུས་གཡུལ་འགྱེད་ཀྱི་དུས་ཚོད་ཕྱིར་འཐེན་བྱེད་དགོས་པའི་གསས་དབང་གི་འདོད་པ་དང་ཇི་བཞིན་མཐུན་པར་མ་བྱུང་བའི་རྒྱུ་མཚན་ནི། ཕ་རོལ་པོར་འཇིགས་པ་མེད་པའི་རྒྱག་གཅིག་དང་མཆོང་གཅིག་གི་ཕོ་རྒོད་ཀྱི་རང་གཤིས་གསལ་སྟོན་བྱས་ཏེ། དགྲ་ཐད་དུ་བྱུང་དུས་འཐབ། ཅེས་པ་ལྟར་ཕྱིར་འཐེན་བྱེད་རྒྱུར་ཆོ་མེད་པར་བརྩིས་པ་ཞིག་ཡིན་ནམ་སྙམ། མཐུད་འགོད།