མདུན་ངོས། » གསར་རྩོམ། » མི་སྣ་གཞན། » ཧང་སང་བའི་གཡུལ་འཁྲུག དང་པོ།

ཧང་སང་བའི་གཡུལ་འཁྲུག དང་པོ།

 

ཧང་སང་བའི་གཡུལ་འཁྲུག

རང་རྩོམ་གངས་རིའི་བརྩེ་དུངས་ལས་དྲངས། 

འགོ་བརྗོད།

འདིར་གང་འགོད་པར་བྱ་བ་ནི་མདོ་ཁམས་སྟོད་ཀྱི་དཔའ་རྒོད་འགའ་ཞིག་གི་ཞུམས་པ་མེད་པའི་སྙིང་སྟོབས་དང༌། བསྒྲུན་པར་མི་ནུས་པའི་དཔའ་རྩལ་གྱིས་རང་གཞན་གྱི་ཚེ་སྲོག་ལ་ཡ་ང་བའི་ཉམ་ཉེས་བྱུང་བའི་གནས་ཚུལ་ཐོར་བུ་ཞིག་འགོད་འདོད་སྐྱེས། གཡུལ་འཁྲུག་གི་བྱ་བ་འདི་ལྟ་བུ་ལ་མཚོན་ན། ཆོས་ཀྱི་དབང་དུ་བྱས་ཚེ། ཞེ་སྡང་ལྟ་བུའི་སྡིག་པ་མེད། ཅེས་པ་ལྟར་ཡིན་ལ། འཇིག་རྟེན་གྱི་དབང་དུ་བྱས་ནའང༌། མཐའ་འབྲས་ལ་བསམ་གཞིགས་བྱས་ན་སྐྱོན་ཡོན་གྱི་གནས་ཚུལ་ལ་ངེས་པ་འདྲེན་ནུས་པའི་ཕྱིར། མ་འོངས་ཡུལ་གྲུུ་འགའ་ཞིག་ཏུ་སྐྱོན་ཆ་འདིའི་རིགས་ཡོ་བསྲང་འབྱུང་བར་སྨན་འདོད་ཀྱིས་ཀུན་ནས་བསླངས་པ་ཡིན་མོད། དེ་ལས་ལྡོག་སྟེ་འགའ་ཞིག་ལ་དཔའ་བོའི་བློ་སྟོབས་བསྐྱེད་དེ་འཇིག་རྟེན་འཁྲུགས་ལོང་གི་རྒྱུར་མི་བྱེད་པར་གསོལ་བ་ལན་བརྒྱ་འདེབས་པ་ལགས།
དེ་ཡང་མདོ་ཁམས་སྟོད་ཀྱི་ས་ཡི་ཆར་དུས་རབས་ཉེར་གཅིག་པའི་མཐའ་མཇུག་ཏུ་སྒྲོ་བཏགས་ཀྱི་སྒྲུང་རྩོམ་འགའ་ཞིག་གིས་རྣམ་ཤེས་དབང་བསྒྱུར་ཟིན་པའི་མི་རིགས་ཤིག་གི་ངོར། འགྲན་པར་མི་ནུས་པའི་ཕོ་རྒོད་དམ། དཔའ་ཞིང་བརྟུལ་ཕོད་ཀྱི་བདག་ཉིད་དུ་གྲགས་ཤིང༌། རང་བཞིན་གྱི་ཆ་ནས་བརྗོད་ན་རང་སྲོག་ལ་ཇི་མི་སྙམ་པའི་དཔའ་བོ་བློ་གྲོས་དང༌། དགའ་ཡུ་གཉིས་ཀྱིས་ཕྱི་ལོ་༡༩༩༣ལོར་གཡུལ་འཁྲུག་བྱས་པ་ལས་འཕྲོས་པའི་དངོས་ཡོད་ལོ་རྒྱུས་ཤིག་དགོས་པའི་དབང་ལས་འབྲི་བར་འདོད་དོ།

 

མི་སྣ་ངོ་སྤྲོད་ཀྱི་སྐོར།
བློ་གྲོས།

 

བློ་གྲོས་ནི་བོད་ལྗོངས་ནག་ཆུ་ཁུལ་སོག་རྫོང་སོག་མཁར་གྲོང་ནས་ཡིན་ཞིང༌། སྟུག་པོའི་ནགས་ཀྱིས་རི་ཀླུང་ཀུན་ཀ་གཡོགས་ཤིང་དེང་དུས་ཀྱི་འགྲིམས་འགྲུལ་ཆ་རྐྱེན་ཤིན་ཏུ་དབུལ་བའི་གྲོང་གསེབ་ཁུ་སིམ་པོ་ཞིག་ནི་ཁོང་གི་ལྟེ་བ་བཅད་པའི་ས་ཡིན། བློ་གྲོས་ཀྱི་པ་ཕའི་མིང་ལ་འཇིགས་མེད་ཟེར་ཞིང་ཁོང་ནི་དེ་ཁུལ་གྱི་རྙིང་མའི་ཆོས་བརྒྱུད་འཛིན་པའི་སྔགས་པ་དྲགས་གྲས་ཤིག་ཡིན་པ་མ་ཟད། གསེར་མགར་དང་དངུལ་མགར་སོགས་བསྔགས་བརྗོད་བྱེད་འོས་པའི་ལག་ཤེས་མང་པོ་དང་ལྡན་མཁན་ཞིག་ཀྱང་རེད། སྤུན་མཆེད་བུ་གཅིག་དང༌། སྲིང་མོ་བདུན་ཡོད་པའི་ཧ་ཅང་ཕྱུག་པོ་ཞིག་མ་ཡིན་ནའང་འཚོ་གནས་ལ་དཀའ་ངལ་མེད་པ་ནི་བློ་གྲོས་ཀྱི་ཁྱིམ་ཚང་ཞིག་ཡིན་སྐད། ན་ཚོད་མ་སྨིན་པའི་དུས་ཏེ། ཐལ་བའི་རྩེད་མོ་ལ་དགའ་བའི་གནས་སྐབས་ནས་ཀྱང་གཞན་ལ་རྒྱག་རེས་བྱས་ཏེ་ཐོབ་པའི་རྒྱལ་ཁ་ནི་གྲངས་ཀྱིས་ག་ལ་ཆོད། ཁོར་ཡུག་ཏུ་སློབ་སྦྱོང་གི་ཆ་རྐྱེན་དབེན་པས་བློ་གྲོས་ལའང་རིག་གནས་གཞན་ཀྱི་ཆུ་ཚད་གང་ཞིག་ཡོད་པའི་སྐད་ཆ་ནི་མ་ཐོས་ནའང༌། བོད་ཡིག་བྲི་ཀློག་གི་ཐད་མི་དམན་པ་ཙམ་ཞིག་ཡོད་ལ། མི་རིགས་སྔ་མས་ཤུལ་བཞག་གི་ཆོས་ལུགས་ལ་དད་མོས་ཡོད་པ་ཞིག་ཡིན་པ་མ་ཟད། ཁོ་རང་ཕ་འཇིགས་མེད་ཀྱི་ལམ་སྲོལ་རྒྱུན་འཛིན་ལྟ་བུར་སྔགས་པའི་གྲལ་དུའང་ཞུགས་ཡོད་པ་རེད།
གང་ཟག་རེ་ལ་བྱེད་སྟངས་རེ། །ཞེས་པའི་དཔེ་ལྟར། བློ་གྲོས་ལོ་ན་ཆུང་དུས་ནས་ཚོང་ལས་དོན་དུ་གཉེར་བ་ལ་དགའ་མོས་ཡོད་མཁན་ཞིག་ཡིན་པས་རྟག་ཏུ་ལྷ་ས་དང༌། ནག་ཆུ་ལ་ཚོང་ལས་ཀྱི་ཆེད་འགྲོ་བསྐྱོད་བྱེད་བཞིན་ཡོད་ལ། ཚོང་ལས་རྩག་རྩིག་ལ་སྒོ་ཀུན་ནས་འཇུག་པ་འདི་ནི་བློ་གྲོས་ལ་ལྟོས་ཏེ་ཞིང་འབྲོག་གི་ལས་ཀ་གཞན་དང་བསྡུར་ཐབས་མེད་པའི་འཚོ་ཐབས་ཤིག་ལོས་ཡིན། ཁོ་རང་ཕོ་གསར་གཞན་དག་གིས་འགྲན་པར་མི་བཟོད་པའི་གཟུགས་བྱད་ཤིན་ཏུ་ལེགས་པ་ཞིག་ཡིན་པར་བཤད་ཅིང༌། གཟུགས་པོར་ལྡེམ་མྱུར་རྐྱེན་པོ་ཞིག་ཡིན་པས་ཟློས་གར་གྱི་སྡེ་ཚན་ཞིག་ཏུ་གཞས་དང་ཞབས་བྲོ་བའི་ལས་ཁུར་ཡང་བྱས་མྱོང་ཟེར། ཁོ་པ་ནི་རྐྱང་ལ་འོག་རྟ་དང༌། འབྲོང་ལ་སྒོ་ཟོག་བྱེད་མྱོང་བའི་དཔའ་བོ་ཞིག་ཡིན་པར་མ་ཐོས་ནའང༌། ཆུང་དུས་ནས་ཕོ་རྩལ་སྣ་དགུ་འཛོམས་པས་ཕོ་གསར་གཞན་དག་སུ་ཡིན་ཡང་བློ་གྲོས་ལ་དོ་ཟླ་བྱེད་ཕོད་མཁན་སྲིད་མཐའ་ཙམ་ཡིན་ལ། ཁོ་རང་གི་དམིགས་བསལ་ཡོན་ཏན་ཞིག་ནི་འགྲན་ཟླ་དང་བྲལ་བའི་ཤེད་ཤུགས་ཅན་ཞིག་སྟེ། ཙན་དན་དགོན་གྱི་བླ་རྡོ་རྫས་རྡུལ་མ་ཞེས་པ་ཞིག་ཡོད་པ་དེ་སྔ་མོའི་དུས་སུ་ཤེད་ཀྱིས་ཐེག་མཁན་རེ་གཉིས་ལས་མེད་པས་གལ་སྲིད་དེ་ཐེག་པ་བྱུང་ཚེ་ཆེས་ཤུགས་དང་ལྡན་པའི་མི་སྣ་མཚན་སྙན་ཅན་དུ་གྱུར་པ་རྐྱང་ཡིན་མོད། བློ་གྲོས་ལ་ལྟོས་ཏེ་ཤེད་རྡོ་དེ་འདེགས་པར་དཀའ་ཁག་ཡོད་པ་ཞིག་ག་ལ་ཡིན།

གཟུགས་བྱད་ལྷ་ཡི་གཞོན་ནུའི་རྗེས་འགྲོ་ཞིང༌། །

དཀར་གསལ་ཟླ་བའི་མདངས་མཚུངས་ཞལ་རས་ལ། །

གདོང་ཚིགས་ཅུང་ཟད་མངོན་པའི་རྣམ་པ་ཅན། །

ལྡེམ་མྱུར་རྐྱེན་པའི་གཟུགས་ཚད་རན་པ་དེར། །

 

 

གོས་རྒྱན་བཟང་པོས་རྟག་ཏུ་བརྒྱན་པའང་མཐོང༌། །

ཤེད་ཤུགས་དོ་ཟླ་དབེན་པའི་དཔའ་བོ་དེ། །

སེམས་ཀྱི་ཚོར་སྣང་རྟག་ཏུ་སྐྱིད་པོར་མངོན། །

ཤེད་རྩལ་སོགས་ཀྱི་འགྲན་བསྡུར་བྱེད་པར་སྤྲོ། །

 

 

གཡུལ་གྱི་བྱ་བ་རྩོམ་ལ་ཞུམས་པ་མེད། །

ཁ་དང་སྐད་ཆའི་སྒྱུ་རྩལ་ཤིན་ཏུ་མཁས། །

ལ་ལར་ཁྲོམ་དུ་ཚོང་རྫས་འགྲེམས་བྱེད་ཅིང༌། །

སྐབས་འགར་ཆོས་ཀྱི་ཆོ་གའང་རོལ་པར་སྣང༌། །

 

 

ཚོང་གི་བྱ་བའི་ལས་ལ་བྲེལ་བའི་ཚུལ། །

མ་དྲོས་རོལ་མཚོ་དག་གི་གཉེར་རིས་བཞིན། །

མི་འཇིགས་དཔའ་བོའི་སྙིང་སྟོབས་སྤོ་མཐོ་བ། །

ཐང་ལྷའི་རི་བོའི་རྩེ་མོར་བལྟས་པ་བཞིན། །ཞེས་ཀྱང་སྨྲས་སོ། །
དགའ་ཡུ།

དགའ་ཡུ་ནི་བོད་ལྗོངས་ནག་ཆུ་སོག་རྫོང་ཡོག་ནག་ས་རེས་གྲོང་དུ་སྐྱེས་ཤིང༌། སྔ་མོ་ནས་གྲོངས་ཟིན་པའི་ཨ་ཡག་ནི་ཁོ་རང་གི་པ་ཕ་ཡིན་ཞིང༌། ད་དུང་འཚོ་བཞུགས་ཡོད་པའི་གཡང་དཀར་ནི་ཁོའི་ཨ་མ་རེད། ཁོང་ནི་སྤུན་མཆེད་གཉིས་དང་སྲིང་མོ་གསུམ་བཅས་ཡོད་པའི་ཁྱིམ་རྒྱུད་དུ་འཚར་ལོངས་བྱུང་བ་ཞིག་ཡིན་ལ། འབྱོར་ཕྱུག་གི་མཐའ་གཉིས་སུ་མ་ལྷུང་བའི་ས་མ་འབྲོག་སྟེ་ཧ་ཅང་གི་འཁོས་ཀ་ཞན་པའི་གྲོང་གསེབ་ཉམ་ཐག་པ་ཞིག་ནི་གཏན་མ་ཡིན་མོད།

དགའ་ཡུ་ནི་གཟུགས་སྟོབས་ཤིན་ཏུ་ཆེ་ལ་ངོ་གདོང་སྨུག་ཅིང༌། གཟུགས་པོའི་ལྡེམ་མྱུར་ཤིན་ཏུ་རྐྱེན་པོ་ཞིག་ཀྱང་ཡིན། ཁོའི་ལྷན་སྐྱེས་ཀྱི་གཤིས་ལུགས་ནི་ཚོར་སྣང་སྐྱིད་པོ་ཞིག་ཡིན་པ་མ་ཟད། གོང་ལ་ངོ་དགའ་དང༌། འོག་ལ་ཐུབ་ཚོད་བྱེད་པའི་མ་རབས་ཐ་ཤལ་གྱི་རང་བཞིན་ལས་འདས་ཤིང༌། རྩེད་མོའི་རིགས་ལ་དགའ་སྣང་གཞན་ལས་ཆེ་བས། དེ་ལ་བརྟེན་ནས་མི་རྣམས་དགའ་མཁན་དང་གྲོགས་པོའང་ཤིན་ཏུ་མང༌།
ཆུང་དུས་རྐང་འཁོར་ཚུན་ཆད་ལ་དབྱིངས་ཡོད་ཅིང་བྱང་ཆུབ་པའི་དགའ་ཡུས༑ རླངས་འཁོར་གཏོང་རྒྱུར་ཤིན་ཏུ་དགའ་བས་གྲོང་སྡེ་གཅིག་པའི་རླངས་འཁོར་ཁ་ལོ་བ་བདེ་འབྱོར་ལས་རླངས་འཁོར་གཏོང་རྒྱུའི་ལག་རྩལ་ལ་སྦྱངས་པ་བྱས།
དགའ་ཡུས་སློབ་སྦྱོང་དེ་མུ་མཐུད་བྱས་པས། འཇིག་རྟེན་གྱི་ཁ་དཔེར་ཡང༌། གང་ལ་སྦྱངས་པ་དེ་ལ་མཁས། །ཞེས་པ་ལྟར་ནམ་ཞིག་ན་ལག་རྩལ་དེའི་ཐོག་འགྲན་ཟླ་དང་བྲལ་ཞིང༌། རྐང་ལམ་མེད་པའི་རི་གཟར་གྱི་ངོས་ནས་ཀྱང་རླངས་འཁོར་ཤར་གཏོང་བདེ་བླག་ཏུ་བྱེད་པའི་སྐབས་ཀྱང་ཡོད་པས་ཁོའི་རླངས་འཁོར་སོང་བའི་ཤུལ་ལམ་མཐོང་ཚེ་མི་རྣམས་ཀྱིས་ཡིད་མི་ཆེས། ད་དུང་རླངས་འཁོར་གཞན་གྱིས་ཉིན་གཅིག་རིང་བགྲོད་པའི་ལམ་དུ་ཁོ་རང་གིས་ཆུ་ཚོད་བཞི་ཙམ་གྱིས་བགྲོད་ཐུབ་པ་སོགས་བསམ་བརྗོད་དང་བྲལ་བའི་ལག་རྩལ་ཡ་མཚན་པ་ལ་བརྟེན་ནས་མི་རྣམས་ཀྱིས་རླངས་འཁོར་ལ་རང་དབང་ཐོབ་པ་ནི་དགའ་ཡུའོ། ཞེས་ཤོད་པ་ནི་གྲངས་ཉུང་ཉུང་ཞིག་གཏན་ནས་མིན།
ཁོས་སྒེར་གཉེར་རླངས་འཁོར་ཞིག་ཉོས་ཏེ་དེའི་ཐོག་ནས་ཚོང་ལས་དང་ཁེ་བཟང་གཉེར་གྱིན་ཡོད་པས། ནམ་ཞིག་ན་ཕྱོགས་གང་སར་ཚོང་ཁང་བཙུགས་ཐུབ་པ་བྱུང་སྟེ་འབད་རྩོལ་དེ་དག་ལ་བརྟེན་ནས་སྔར་ཕ་ཨ་ཡག་གི་དུས་སྐབས་དང་བསྡུར་ཐབས་གཏན་ནས་མེད་པ་མ་ཟད། ཁོ་རང་གི་གྲོགས་པོ་ཨ་ཐར་ཞེས་པ་དེ་དགའ་ཡུའི་ཚོང་ལས་ཀྱི་ཐོག་ཏུ་ལས་ཀ་བྱེད་ཅིང་འཚོ་ཐབས་རེག་པ་སོགས་ཀྱིས་མཚོན། གྲོང་གསེབ་དེའི་ནང་གི་དེང་དུས་དང་མཐུན་པའི་དཔལ་འབྱོར་ཡར་རྒྱས་གཏོང་བ་ལ་ཡར་ཐོན་ཅན་དུ་རིམ་གྱིས་གྱུར་ཡོད་པ་རེད༑

 

གཞོན་ནུའི་རལ་པ་ཐུང་ངུར་བྱས་ཏེ་དུས་རབས་གསར་པའི་གཤིས་ལུགས་མངོན། །

ཞལ་མདོག་ཅུང་ཟད་སྨུག་ཉམས་དོད་པས་སྟག་ཤར་གཞོན་པའི་ཁྱད་ཆོས་ཚང༌། །

ལུས་ཀྱི་རིང་ཚད་མཐོ་བ་དག་གིས་གཞན་གྱི་གཟི་བརྗིད་འཇོམས་ལ་དྭོགས། །

གཞོན་ནུའི་ཡན་ལག་རྣམ་པར་རྒྱས་པས་ལུས་ཀྱི་རྩལ་ལའང་མཆོག་ཏུ་མཐོང༌། །

དུས་རབས་ཆ་ལུགས་སྣ་ཚོགས་སྤྲས་པ་ཡུལ་དང་དུས་ལ་ལྟོས་པ་ཙམ། །

 

 

སྟོབས་ལྡན་ལུས་ཀྱི་རྒྱགས་སྐམ་རན་པ་མེས་པོའི་རིགས་ཀྱིས་ཡིན་ཡང་སྲིད། །

གཞོན་ནུའི་སྐད་གདངས་ཤས་ཆེར་དྲགས་པས་ཉམ་ཆུང་དོན་སྙིང་འགས་སྙམ་བྱེད། །

 

གོས་དང་རྒྱན་ཆ་རན་པར་བགོས་འདིས་དབུལ་ཕྱུག་བར་ན་གནས་པར་རྟོགས། །

རལ་གྲི་ཐུང་མདའ་རྟག་ཏུ་འཆང་བ་སྔར་སྲོལ་རྒྱུན་འཛིན་ཙམ་དུ་ཟད། །

 

 

འགྲོ་བའི་གོམ་འགྲོས་ཅུང་ཟད་བྲེལ་བ་མི་ཡི་ཐུན་མིན་གཤིས་ཀ་ཙམ། །

ཁ་དོག་རྒྱ་སྨུག་འཇོར་སྟ་དག་ནི་རྟག་ཏུ་རྐང་པར་མཛེས་པའང་མཐོང༌། །

འདབ་ཆགས་རྗེས་སུ་སྙེགས་སྙམ་བྱེད་པའི་རླངས་འཁོར་གཏོང་བར་རྟག་ཏུ་བྲེལ། །

དཔའ་བོ་དང་ནི་ཕོ་རྒོད་ལ་རྒྱ་མ་དྲོས་རོལ་མཚོའི་གཏིང་ལས་ཟབ། །ཅེས་ཀྱང་སྨྲས་སོ། །

 

འཁྲུག་རྐྱེན་གང་ཡིན་སྐོར།

ཁོང་གཉིས་ཀྱི་འཁྲུག་རྐྱེན་སྐོར་ལ་རང་རང་གི་ཕྱོགས་ཀྱི་སྐད་ཆའི་རྣམ་པ་འདྲ་བ་དང་མི་འདྲ་བ་དུ་མ་ཞིག་ཤོད་རྒྱུ་ཡོད་འདུག་པས་མཐའ་གཅིག་ཏུ་འདི་ཁོ་ནའོ་ཞེས་སྐབས་འདིར་བརྗོད་པའི་ནུས་པ་གང་ཡང་མེད་ལ། དགོས་དོན་ཡང་དེ་བས་ཀྱང་མེད་མོད། གང་ལ་ཞེ་ན། སྐབས་འདིར་ལོ་རྒྱུས་ཀྱི་རྒྱུ་ཆ་སྦྱིན་མཁན་དང༌། འཚོལ་མཁན་གང་གི་ངོས་ནས་ཀྱང་ཁོང་གཉིས་སུ་ཞིག་གིའང་ཕྱོགས་སུ་ལྷུང་སྟེ་བཤད་པ་གང་ཡང་མེད་པ་དང༌། ལྷག་དོན་རྩོམ་མཁན་རང་ལ་ཁོང་གཉིས་གང་རུང་གི་ཕྱོགས་སུ་ལྷུང་བ་ལྟ་ཅི། ཁོང་གཉིས་ཀ་འདྲེན་བྱེད་ཀྱི་ཡུལ་དུའང་གྱུར་མྱོང་མེད་མོད། འོ་ན་ཉོག་ལ་འཛིང་བའི་ཁོང་གཉིས་ཀྱི་འཁྲུག་རྐྱེན་དེ་སྐབས་འདིར་བཀོད་པ་ལ་རྒྱུ་མཚན་ཅི་ཡོད་ཅེ་ན། འོག་ནས་འབྱུང་བའི་གཡུལ་འཁྲུག་ནི་སྐབས་འདིའི་བརྗོད་གཞི་གཙོ་བོ་ཡིན་པས་བརྗོད་གཞི་དེ་ཡོང་བའི་ཁུངས་གང་ལ་བརྟེན་པ་ཞིག་ངེས་པར་དུ་མི་འབྲི་ཀ་མེད་དུ་གྱུར་ཡོད་པ་ནི། སྐད་ཆ་ལ་འབྱུང་ཁུངས་དང༌། མཚོན་ཆ་ལ་ཡུ་བ་ཞེས་འཇིག་རྟེན་གྱི་གཏམ་དཔེར་ཡང་གྲགས་པས་སོ། དེར་བརྟེན་སྐབས་འདིའི་འཁྲུག་རྐྱེན་སྐོར་ལ་སྤྱི་ཚོགས་གང་སར་ཁྱབ་གདལ་རང་བཞིན་ཅན་གྱི་སྐད་ཆ་ཞིག་འགོད་རྒྱུ་ལས། དངོས་པོའི་གནས་ཚོད་ལ་འདི་ཡིན་དང་དེ་མིན་གྱི་གཏན་ལ་ཕབ་པའི་གཏམ་ཟུར་ཙམ་ཡང་མེད་པས་ཁོང་གཉིས་གང་རུང་གི་ཕྱོགས་སུ་དགའ་སྡུག་གི་ཚོར་བ་རྣོ་བའི་ཤེས་ལྡན་རྣམས་ནས་དེ་ཇི་བཞིན་ཐུགས་ལ་འདོགས་པར་འཚལ།
དེ་ཡང་དགའ་ཡུ་དང་བློ་གྲོས་གཉིས་སྔ་མོ་ནས་འབྲེལ་ལམ་བཟང་ཙམ་ཡོད་པའི་ངོ་ཤེས་ཤིག་ཡིན་པས་ལྷན་ཅིག་ཏུ་འགྲོ་སྡོད་བྱས་པའམ། ཕན་ཚུན་ཝརོགས་ཕན་བསྒྲུབས་པའི་སྐབས་ནི་འགའ་ཙམ་སྣང༌། བློ་གྲོས་ཀྱི་སྲིང་མོ་བདུན་གྱི་ནང་གི་ཆེ་བ་དེ་གནས་བསྐོར་གྱི་ཆེད་ལྷ་སར་བསྐྱོད་སྐབས་ཤིག་ལ། སྟབས་མ་ལེགས་པར་རླངས་འཁོར་ཞིག་གིས་བསད་སོང་བ་ནི། ཁོང་གཉིས་ཀྱི་འཁྲུག་རྐྱེན་དངོས་དེ་ཡིན། སྐབས་འདིར་ཤོད་ཚུལ་མི་འདྲ་བ་མང་ཙམ་བྱུང་ཡོད་ཚོད་འདུག་པས་བརྗོད་པའི་ངལ་བ་མ་བྱས་ནའང༌། ཡང་སྙིང་བུད་མེད་དེ་དགའ་ཡུས་མོ་ཊས་བསད་པའི་བཤད་ཚུལ་ཞིག་བྱུང་ཡོད་པར་བརྟེན། འོག་ནས་འབྱུང་བའི་འཁྲུག་རྐྱེན་དུ་གྱུར་ཡོད་པ་ནི་དངོས་ཡོད་ཀྱི་ལོ་རྒྱུས་ཤིག་ཡིན། གང་ལྟར་ཡང་མོ་འཕྲལ་མར་སྨན་ཁང་དུ་བསྐྱལ་ནའང༌། མོ་རང་ལ་སྨན་བཅོས་གང་བགྱིས་ཀྱང་མ་ཕན་པར་ལྔ་པའི་ལམ་དུ་སོང་འདུག དངོས་དོན་ལ་གསོད་མཁན་སུ་ཡིན་པའི་དབང་དུ་བཏང་ཡང༌། བུད་མེད་དེ་འོག་ནས་འབྱུང་བའི་འཐབ་འཁྲུག་ཀུན་སློང་བའི་རྐྱེན་ངན་རི་རབ་བསྒུལ་བའི་སྒུལ་ཤིང་དང༌། རྒྱ་མཚོ་དཀྲུགས་པའི་ཐུར་མ་རུ་གྱུར་ཡོད་ཅེས་བརྗོད་ཆོག་པ་ནི་ཞོར་འཕྲོས་སོ།
གྱོད་ཀྱི་རྩ་བ་དང༌། སྣག་གི་ཐུམ་བུ་སྟེ། མོ་རང་འཆི་ཁར་བློ་གྲོས་ཀྱིས། ཁྱོད་རང་བརྫི་མཁན་རླངས་འཁོར་སུ་ཡིན་ནམ་དྲིས་ཚེ། མོས། ངའི་རོགས་པས་ཤེས་ཀྱི་ཡོད། ཅེས་ཇ་ཚྭ་མེད་དང༌། གཏམ་ལན་མེད་འདི་བཞིན་བཤད་པར་གྲགས། མོས་རིན་ཐང་དང་བྲལ་བའི་ཚེ་སྲོག་ལ་ཕམ་ཉེས་བྱུང་བའི་གནས་ཚུལ་ཛ་དྲག་པའི་སྐབས་དེ་ལྟ་བུར་གསོད་པའི་གཤེད་མ་སུ་ཡིན་པའི་གནས་ཚུལ་གསལ་སྟོན་མ་བྱས་པ་དེར། ཡང་སྙིང་ལྐོག་ཏུ་གྱུར་པའི་གསང་བ་ཇི་ཞིག་ཡོད་མེད་སུས་ཤེས། མོ་རང་གི་རོགས་པ་ནི་མཚོ་རྒྱལ་ཞེས་པ་དེ་ཡིན་ཞིང༌། དེའི་སྐོར་འོག་ནས་འབྱུང་ངོ༌།
རྗེས་སོར་དགའ་ཡུ་དང་བློ་གྲོས་གཉིས་ནག་ཆུ་ཁར་ཐུག་འཕྲད་བྱུང་སྐབས་བློ་གྲོས་ཀྱིས་ངའི་སྲིང་མོ་རླངས་འཁོར་གྱིས་བརྫི་མཁན་ཁྱོད་རང་རེད་འདུག་མོད། ཤི་མཁན་ནི་ཤི་ཚར་བས་བྱ་ཐབས་ཟད། ཁྱོད་ཀྱིས་བསམ་ཤེས་ཐོག་མི་བསད་པའི་སྟོང་དེ་ང་ལ་སྤྲོད་དང་ང་གཉིས་མཉམ་དུ་འགྲོ་ནས་གཤིན་པོའི་ཆེད་མཆོད་འབུལ་བྱེད་ན་དགའ། ངའི་འདོད་བློ་ལ་དེ་ཙམ་ལས་གཞན་ང་གཉིས་རྒྱལ་ཕམ་གྱི་བསམ་བློ་གང་ཡང་མེད་ཅེས་བཤད་ཟེར། བློ་གྲོས་ཀྱི་སྐད་ཆ་དེར། དགའ་ཡུའི་སེམས་ཀྱི་ཨ་སྔོན་ལ་རྣམ་རྟོག་གི་སྤྲིན་ནག་ལང་ལོང་དུ་གཡོ་བཞིན་པར་ལེགས་ཉེས་སྣ་ཚོགས་པའི་གློག་འོད་འདི་བཞིན་གྱ་གྱུར་འཁྱུག་ཅིང་ཡོད་པ་ནི། མི་ལ་མི་དགོས་པ་གྱོད་གཞི། ཤིང་ལ་མི་དགོས་པ་འཛེར་པ་ཞེས་པ་དེ་རེད། དགའ་ཡུས་ཡ་ལན་གཅིག་ཀྱང་མ་སྤྲད་པས་བློ་གྲོས་ཅི་བྱ་བརྟོལ་མེད་དུ་གྱུར་ཏེ་ཁ་ཁར་མ་གྱེས་ཀ་མེད་དུ་གྱུར་ཡོད་སྐད། བཤད་ཚུལ་གཞན་ཞིག་ལ། སྐབས་དེར་དགའ་ཡུས། ངས་བསད་མ་མྱོང་མོད། གལ་སྲིད་ཁྱོད་ཀྱིས་དཔང་རྟགས་སྟོན་རྒྱུ་ཡོད་ན་ངས་མིའི་ཚེ་སྲོག་གི་རིན་འབབ་གང་དགོས་སྤྲོད་ཆོག གལ་སྲིད་དེ་མི་འདུག་ན་ཁྱོད་རང་གིས་ངོས་ལ་ག་རེ་བྱེད་ཀྱི་ཡིན་ནམ། ཞེས་ལན་སྤྲད་པའི་ཚེ། བློ་གྲོས་ཀྱིས་ཁུངས་ལྡན་གྱི་དཔང་རྟགས་མཚོ་རྒྱལ་ཡོད། ཅེས་བཤད་ཡོད་སྐད་ཐོས།
དེ་རྗེས་ཁོང་གཉིས་ཡང་བསྐྱར་ཐུག་འཕྲད་བྱུང་སྐབས་བློ་གྲོས་ཀྱིས། སྔར་གྱི་གནས་ཚུལ་བཤད་རྗེས། དོན་ཐོག་ལ་ཁས་ལེན་རྒྱུ་ཡོད་མེད་ཇི་ལྟར་ཡང༌། དགའ་ཡུས་དེ་དོན་ཇི་ཞིག་དགོས་མིན་ལྟ་རྒྱུ་ཡོད་ཚུལ་གྱི་ལན་བཏབ་ཡོད་ཚུལ་གྱི་སྐད་ཆ་ཞིག་འདུག་པས། དགའ་ཡུ་ལ་ཁ་མཆུ་མི་འདོད་གནམ་རྡོ་སྒོར་མོ་ཞིག་གློ་བུར་དུ་བྱུང་བའི་ཕྱིར་རོ། གནས་སྐབས་འདི་ལ་དཔག་ན། གྱོད་ཁ་མཆུ་གཏམ་གྱིས་འདུམ་པའི་དཔེ་ཟླར་ཡོང་མི་སྲིད་པ་ཞིག་གཏན་ནས་མིན་ནམ་སྙམ་ནའང༌། ཆུ་ཆུང་ཐབས་དང༌། ཟམ་པ་དམའ་ཐབས་ཀྱི་རམ་འདེགས་གཞུང་སྒེར་གང་ནས་ཀྱང་བྱུང་མེད་པ་འདྲ།

སྐྱེལ་འདྲེན་གྱི་ཡོང་འབབ་ལ་མུ་མཐུད་གཉེར་བཞིན་པའི་དགའ་ཡུས། ཁྱུང་ཡུལ་སྟེང་ཆེན་རྫོང་ནས་བྱང་ནག་ཆུ་ཁར་འགྲུལ་པ་སྣུམ་འཁོར་གང་སྐྱེལ་འདྲེན་བྱེད་བཞིན་ཡར་ཡོང་བའི་ལམ་བར་སོག་རྫོང་གི་གྲོང་འདབ་ཅིག་ཏུ་འབྱོར་རྗེས། བློ་གྲོས་དང༌། རོགས་པ་བློ་གྲོས་ཨ་ཡུ། ཙིག་གཡུག་ཨི་ཟི་དང་གསུམ་གྱིས། རླངས་འཁོར་གྱི་ལམ་ཟུར་ནས་ལག་པ་གཡུག་གཡུག་ཁ་ཤས་ཀྱིས་དགའ་ཡུའི་མོ་ཊ་བཀག་གོ བློ་གྲོས་ཀྱིས། ང་གཉིས་ཀྱི་གནས་ཚུལ་དེ་ལྷོད་གཡེང་མི་བྱེད་པར་རྫོང་ལ་གཏུག་ནས་འཕྲལ་དུ་ཐག་གཅོད་བྱེད་དགོས། ཞེས་བཤད། དགའ་ཡུས། དེ་རེད། ཁྱོད་རང་སྔོན་དུ་རྫོང་ལ་སོང་དང༌། ངས་འགྲུལ་པ་འདི་རྣམས་མར་ཕབ་ཏེ་རྗེས་ནས་ཡོང་ཆོག ཅེས་བཤད། བློ་གྲོས་ནི་རྫོང་ལ་ཡར་སོང༌། དགའ་ཡུས་རྫོང་ཐོག་དངོས་ལ་སླེབས་ནས་འགྲུལ་པ་རྣམས་མར་ཕབ་སྟེ། ཁྱེད་རྣམས་གླ་ཆ་སྤྲོད་རྒྱུ་ཡོད་མཁན་རྣམས་ཀྱིས་ང་ལ་འཁོར་གླ་སྤྲོད་རོགས་དང༌། མེད་མཁན་རྣམས་མེད་ཀྱང་འགྲིགས་པ་ཡིན། ང་ལ་དེ་རིང་གལ་ཆེའི་ལས་དོན་ཞིག་དང་སྟབས་ཁེལ་ཏེ་ནག་ཆུ་ཁ་ལ་འགྲོ་ཁོམ་མ་བྱུང༌། ཁྱེད་རྣམས་ཀྱིས་མོ་ཊ་གཞན་དག་ཨེ་རྙེད་ལྟོས་ཤིག ཅེས་དགའ་ཡུས་འགྲུལ་པ་རྣམས་ལ་དེ་ལྟར་བཤད། དེ་ནས་དགའ་ཡུུ་ནི་རང་གི་སྤུན་མཆེད་བསོད་ནམས་གྲགས་པ་ཞེས་གཞུང་གི་ལས་བྱེད་པ་ཞིག་རྫོང་དུ་ཡོད་པ་དེའི་ཁྱིམ་དུ་ཕྱིན་པས་ཁོ་རང་ལས་ཁུངས་ལ་སོང་ནས་བསྡད་མེད། འོན་ཀྱང་ཁྱིམ་གྱི་ལྡེ་མིག་རང་གི་ལག་ཏུ་སྔ་མོ་ནས་ཉར་ཡོད་པར་བརྟེན་སྤུན་གྱི་ཁྱིམ་དུ་འཛུལ་མི་ཐུབ་པ་ཞིག་ག་ལ་ཡིན། ཁྱིམ་དུ་ཞལ་ལག་གང་དགོས་ཡོད་ནའང༌། འཐུང་ཆུ་རྫོགས་ནས་མེད་སྟབས་ས་ཐག་ཅུང་རིང་བ་ཞིག་ནས་ཆུ་ལེན་དགོས་པས། དགའ་ཡུ་ནི་ཆུ་ལེན་བྱེད་ལྕགས་འདོང་གཉིས་དང་ཆུ་དབྱུག་བཅས་ཁུར་ཏེ་ཀ་ཆེན་འགག་ཏུ་ཆུ་ལེན་པར་ཡོང་བ་རེད། མཐུད་འགོད།