མདུན་ངོས། » གསར་རྩོམ། » ཕྱིས་རྩོམ། » ལྕང་སྐྱ་རོལ་པའི་རྡོ་རྗེའི་ལེགས་བཤད་ཅིག

ལྕང་སྐྱ་རོལ་པའི་རྡོ་རྗེའི་ལེགས་བཤད་ཅིག

 

ལྕང་སྐྱ་རོལ་པའི་རྡོ་རྗེའི་ལེགས་བཤད་ཅིག

ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་དྲངས།

ན་མོ་གུ་རུ་མུ་ནཱིནྡྲཱ་ཡ། གང་ཡང་རྨད་བྱུང་ཡིད་འོང་སྙིང་སྟོབས་ཟད་མི་ཤེས་པའི་སྤྱོད་པའི་རྦ་རླབས་ཆལ་ཆིལ་གཡོ་བས་རྣམ་དཀྲིགས་པ། །
ཚོགས་གཉིས་རྒྱ་མཚོ་ཆེ་ལས་ལེགས་འོངས་ཀུན་རྟོག་སྒྲིབ་པའི་སྤྲིན་བྲལ་ཟབ་ཅིང་རྒྱ་ཆེའི་ལེགས་བཤད་གཟི་འོད་འབར། །
སྨྲ་བ་ངན་པའི་མུན་པ་མཐའ་དག་མ་ལུས་འཇིག་རྟེན་རྒུད་པ་ཀུན་དང་ལྷན་ཅིག་དྲུང་ནས་འབྱིན་མཛད་པ། །ཐུབ་དབང་སྨྲ་བའི་ཉི་མ་ཚད་མའི་སྟོན་པ་གང་དེའི་ཞབས་རྡུལ་བདག་གི་གཙུག་ཏུ་ཀུན་ཏུ་མཛེས་གྱུར་ཅིག །
རྒྱལ་བའི་མྱུ་གུ་བྱེ་བའི་དབུས་ན་རྒྱལ་བའི་དམ་ཆོས་འཛིན་པ་ལ། །
རྒྱལ་བའི་དབང་པོ་ཀུན་གྱིས་མགྲིན་གཅིག་རྒྱལ་བ་ཉིད་བཞིན་རབ་བསྔགས་པ། །
རྒྱལ་བའི་རྒྱལ་ཚབ་མི་ཕམ་མགོན་དང་རྒྱལ་བའི་ཡབ་གཅིག་འཇམ་དཔལ་དབྱངས། །
རྒྱལ་བའི་ས་ཆེན་མ་མནན་དེ་སྲིད་རྒྱལ་བ་ཇི་བཞིན་བཤེས་སུ་བསྟེན། །


རྟོགས་པར་རབ་དཀའ་ཐུབ་པའི་གསུང་གི་གནད། །
རྣམ་པ་གཞན་དུ་འདྲེན་པའི་མཐའ་བཀག་ནས། །
སྒྲུབ་དང་སུན་འབྱིན་རིགས་པས་གསལ་མཛད་པ། །
ཀླུ་སྒྲུབ་ཐོགས་མེད་རྗེས་འབྲངས་བཅས་ལ་འདུད། །


མཉམ་མེད་མགོན་པོ་དེ་ཡི་ལེགས་བཤད་ཀྱི། །
མ་སྨད་བདུད་རྩི་མཆོག་གི་བགོ་སྐལ་ལ། །
ལྷག་པར་སྤྱོད་པས་རྒྱལ་སྲས་དམ་པ་ཡི། །
མཆེད་ཟླར་གྱུར་པ་དེ་དག་ཀུན་ལ་འདུད། །

བློ་བཟང་རྒྱལ་བའི་ཐུགས་གསང་དཔལ་གྱི་བེའུར་ཡོངས་གཏམས་ལེགས་བཤད་ནོར་བུའི་ཕུང་པོ་ནི། །
འགྲོ་ལ་ལྷག་པར་བརྩེ་བའི་འོད་ཞགས་རིང་པོས་གཅིག་ཏུ་བཟླུམས་པའི་ཡ་མཚན་གཟི་འབར་བ། །
བཤད་སྒྲུབ་ཆོས་ཀྱི་རྒྱལ་མཚན་རྩེ་མོར་འགོད་མཛད་སྟོབས་བཅུ་མངའ་བའི་ཡེ་ཤེས་ཉི་མའི་དངོས། །
དྲི་མེད་ལུགས་བཟང་པདྨ་དཀར་པོའི་ཚལ་འབྱེད་གང་དེར་བདག་ཡིད་དང་བ་ལན་བརྒྱར་འཛིན། །


མཁྱེན་དང་བརྩེ་བའི་དཔལ་ནི་རྒྱལ་སྲས་དམ་པ་གཞན་ལས་ཆེས་འཕགས་པས། །
སྟོབས་བཅུ་མངའ་བ་རྣམས་ཀྱང་བཏང་སྙོམས་བགྱིད་པའི་ཆེར་སྙིགས་འགྲོ་བ་ལ། །
མ་སྨད་སྙིང་སྟོབས་གོ་ཆ་བརྟན་པོས་བདག་ཉིད་མགོན་པོ་ཟླ་མེད་པར། །
སྟོན་མཛད་འགྲོ་བའི་བླ་མ་བློ་བཟང་བསྐལ་བཟང་རྒྱ་མཚོར་སྙིང་ནས་འདུད། །


རྟེན་འབྲེལ་མ་ལུས་ཆུ་ནང་ཟླ་བའི་སྣང་བརྙན་བཞིན་དུ་མངོན་སུམ་གཟིགས། །
བདག་པས་གཞན་གཅེས་བྱང་ཆུབ་ཐུགས་འབྱོངས་ཏིང་འཛིན་མཛོད་ལ་མངའ་བརྙེས་པ། །
རྒྱལ་སྲས་སྤྱོད་པའི་ཕ་རོལ་ཕྱིན་གྱུར་ལེགས་བཤད་རིན་ཆེན་བྱེ་བའི་གཏེར། །
མཉམ་མེད་དྲིན་ཅན་ངག་དབང་མཆོག་ལྡན་ཞབས་ཟུང་མགོ་བོས་ལན་བརྒྱར་མཆོད། །


ཆེ་བའི་བློས་ཀྱང་བརྒལ་དཀའ་བདེ་བར་གཤེགས་གསུང་རྒྱ་མཚོ་ཆེར། །
བདེ་བླག་ཉིད་དུ་འཇུག་བྱེད་རྣམ་དཔྱོད་འཕྲུལ་གྱི་གྲུ་བོ་ཆེ། །
བརྩེ་བས་སྦྱིན་པའི་ཐབས་མཁས་མཆོག་གི་བཀའ་དྲིན་སྩོལ་མཛད་པ། །
བདག་གི་བཤེས་གཉེན་བཅུ་ཕྲག་ཞབས་ཟུང་སྙིང་གི་པདྨོར་བསྟེན། །


སྲིད་པའི་གཅོང་རོང་ཟབ་མོ་རུ། །
བྱེ་བ་ཕྲག་བརྒྱའི་ངལ་བ་ཡིས། །
རྣམ་པར་གཙེས་པའི་ངང་ཚུལ་ལ། །
ལྷག་པར་སུན་པའི་བློ་ལྡན་དག །


འདི་ལས་ཐར་བའི་ཐབས་ནི་ཅི། །
ཐབས་མ་ཡིན་པ་གང་ཞིག་ཡིན། །
ཡང་དང་ཡང་དུ་སེམས་པ་ནི། །
ལས་སུ་བྱ་བ་དམ་པ་ལགས། །


ལྟོ་བ་འགེང་བའི་ཆོ་ག་ཙམ། །
སྙིང་པོར་རློམ་པའི་བགྱི་བ་ལ། །
འབད་པས་བརྩོན་པ་ལྷུར་ལེན་པ། །
དེ་དག་ཕྱུགས་དང་བྱེ་བྲག་ཅི། །


དེ་ལྟ་ལགས་ན་ལམ་དང་ལམ་མིན་པ། །
ཇི་བཞིན་འབྱེད་པ་ཡང་དག་རིགས་པའི་ལམ། །
མ་ནོར་ཇི་བཞིན་ཤེས་ལ་རག་ལས་པས། །
ཚུལ་འདི་འཆད་ལ་བདག་ནི་སྤྲོ་བར་གྱུར། །


སྔོན་དུས་ནོར་འཛིན་བུ་མོའི་ལྟོ་བ་རུ། །
མཁས་མཆོག་བྱེ་བའི་པད་ཚལ་བཞད་པའི་ཚེ། །
སྐལ་ལྡན་བུང་བའི་ཚོགས་རྣམས་སྤྲོ་བཞིན་དུ། །
དེ་དག་འདུན་སར་ལེགས་བཤད་སྦྲང་རྩིས་ངོམས། །


ད་ནི་དུས་ཀྱི་འགྱུར་བ་ནི། །
སྙིགས་མར་སྤྱོད་པའི་སྲིན་མོ་ཡིས། །
ཁྲོས་བའི་བཞད་གད་བསྒྲགས་པ་བཞིན། །
བློ་ལྡན་སྙིང་ལ་འཇིགས་སྐྱེད་གྱུར། །


དེ་ཕྱིར་བློ་ཡི་ནུས་པ་དམན་པ་དག །
རང་གི་ཉེས་པས་ནོངས་པའི་བཙོག་ཆུ་ཡིས། །
དམ་པའི་ལེགས་བཤད་ཡན་ལག་བརྒྱད་ལྡན་ཆབ། །
རྣམ་པར་སློད་ལ་རིངས་བ་བཞིན་དུའང་གྱུར། །


ཕྱོགས་ལྷུང་འཁྱོག་པོའི་ཡིད་ལྡན་དག །
ཇི་སྲིད་རང་དང་མ་མཐུན་པ། །
དེ་སྲིད་དྲང་སྲོང་མཆོག་ཉིད་ཀྱི། །
གསུང་ལའང་མོས་པའི་སྐབས་མ་མཆིས། །


དེས་ན་ཡང་དག་པ་དང་ལྟར་སྣང་གི །
དབྱེ་བ་ཇི་བཞིན་ཕྱེད་པ་དཀོན་པས་ན། །
དམ་པ་རྣམས་ཀྱང་བས་མཐའི་ནགས་ཚལ་དུ། །
སྙིང་ལས་ཆུང་ངུར་གཞེས་པ་ཉིད་ལ་སྤྲོ། །


དེ་ཡི་ཕྱིར་ན་བདག་གིས་འདིར། །
གཞན་ལ་ཕན་བསམ་རེ་བ་མེད། །
བདག་ཉིད་ལེགས་པར་བཤད་པ་ལ། །
གོམས་པ་ལྷུར་ལེན་ཙམ་དུ་ཟད། །


ཅི་སྟེ་རང་གི་སྟོན་དང་བསྟན་པ་ལ། །
རིགས་པའི་ལམ་ནས་དྲངས་པའི་དད་པ་ནི། །
ཚིག་ཙམ་མིན་པ་སྙིང་ནས་སྐྱེད་འདོད་པའི། །
རྣམ་དཔྱོད་ཅན་འགའ་ཡོད་ན་ཚུལ་འདིར་ཉོན། །


བདག་ཅག་རྣམས་ཀྱི་སྟོན་པ་ནི། །
རྟེན་ཅིང་འབྲེལ་པར་འབྱུང་བའི་གཏམ། །
སེང་གེའི་ང་རོས་སྒྲོགས་མཛད་པ། །
ཐུབ་པའི་དབང་པོ་ཞེས་བྱར་གྲགས། །


མགོན་དེས་གྲོལ་བ་དོན་དུ་གཉེར་རྣམས་ལ། །
གང་དུ་ཇི་ལྟར་མནར་བའི་སྡུག་བསྔལ་དང༌། །
གང་གིས་དེ་ལྟར་མནར་བའི་དེ་ཡི་རྒྱུ། །
ཅི་ཞིག་དེ་ལས་ཐར་བའི་ངོ་བོ་དང༌། །


ཅི་ཡིས་དེ་ལས་ཐར་བའི་ཐབས་རྣམས་ནི། །
ཡང་དག་རིགས་པའི་ལམ་ནས་འདོམས་མཛད་པས། །
ཞི་བའི་ལམ་ནི་དྲང་པོ་རབ་གསལ་བ། །
བདག་ཅག་རྣམས་ལ་མངོན་སུམ་བཞིན་དུ་གྱུར། །


རྨོངས་པའི་འཁྲུལ་པས་དབྱེན་སྤྱོས་པས། །
རང་གི་བློ་གྲོས་ཆེས་འཁྲུལ་བ། །
སེར་སྐྱ་གཟེགས་གཟན་རྐང་མིག་སོགས། །
ལོག་པའི་འདམ་དུ་བྱིང་བ་ཡི། །


སྟོན་པ་དེ་དང་དེ་དག་གི །
གཞུང་ལུགས་རྣམས་ནི་ཚུལ་འདི་ཡིས། །
རྟབ་པར་བསྒྲགས་པའི་ཅ་ཅོ་དང༌། །
མཚུངས་པའི་གནས་སུ་གསལ་བར་བཀོད། །


དེ་ཚེ་ཚངས་པ་ཡིས་ཀྱང་བསྒྲུན་དཀའ་བའི། །
བསོད་ནམས་སྐལ་བར་ལྡན་པའི་སྐྱེ་པོ་རྣམས། །
ཐུབ་པའི་ཞལ་གྱི་སྒོ་ལས་ལེགས་འོངས་པའི། །
བདུད་རྩི་མཆོག་གི་རོ་ནི་མྱོང་བས་ངོམས། །


ནམ་ཞིག་མགོན་པོ་མཆོག་དེ་ནི། །
ཞི་བའི་དབྱིངས་སུ་གཟིམས་པ་ན། །
དེ་ཡི་བདུད་རྩིས་རབ་བསྐྱངས་པའི། །
འཕགས་པའི་ཚོགས་རྣམས་དེ་དང་དེས། །


བསྟན་པ་དམ་པའི་རྒྱལ་མཚན་ནི། །
སྐྱེ་བོ་དག་གི་རྩ་ལག་ཏུ། །
འགྱེལ་བ་མེད་པར་བཟུང་བ་ཡིས། །
ས་འདི་སྐལ་བ་བཟང་པོར་བསྒྲུབས། །


གང་ཚེ་སྟོན་པའི་གསུང་ལ་རབ་ཞུགས་ཀྱང༌། །
ཐེག་པ་མཆོག་གི་བགོ་སྐལ་དམན་པ་འགས། །
ཤིན་ཏུ་ཟབ་པའི་མདོ་དོན་མ་ལྕིག་པར། །
བློ་གྲོས་དམན་པས་བཤུང་བ་དེ་ཡི་ཚེ། །


རྒྱལ་བ་ཉིད་ཀྱིས་བདག་ཉིད་ཀྱི། །
གསུང་རབ་འབྱེད་ལ་ཚད་མའོ་ཞེས། །
བསྔགས་པའི་མེ་ཏོག་འཐོར་མཛད་པ། །
དཔལ་མགོན་ཀླུ་ཡི་དབང་པོ་ཡིས། །


གསུང་རབ་ཀུན་གྱི་དྲང་དང་ངེས་པའི་དོན། །
རིགས་ལམ་བྱེ་བའི་སྒོ་ནས་ལེགས་པར་ཕྱེ། །
ཡོད་དང་མེད་པའི་མཐའ་བྲལ་ཟབ་མོའི་དོན། །
གཞན་དུ་དྲང་དུ་མེད་པའི་བཀའ་དྲིན་མཛད། །


དེ་ཚེ་རྒྱལ་བ་ཉི་མའི་གཉེན། །
རང་གི་བསྟན་ལ་བགྱི་བ་ནི། །
སྒྲུབ་ལ་སླར་ཡང་འོངས་པ་བཞིན། །
ཐེག་མཆོག་ཚུལ་ནི་གསལ་གྱུར་ཏོ། །


དེ་ནས་སྔོན་གྱི་རྒྱལ་བ་ལ། །
ལྷག་པར་བྱ་བ་བྱས་པ་ཡིས། །
དམ་ཆོས་འཛིན་པའི་སྨོན་ལམ་མཐུ། །
ཆེས་ཆེར་གྲུབ་པའི་ཐོགས་མེད་ཀྱིས། །


རྒྱལ་བའི་གསུང་རབ་ཉིད་ལ་བརྟེན་པ་ཡིས། །
རྨད་བྱུང་རིགས་པའི་ལམ་ནི་གཉིས་པ་ཡི། །
གཟུང་འཛིན་གཉིས་སུ་མེད་པའི་རྣམ་རིག་གི །
ཤིང་རྟའི་སྲོལ་ཆེན་ལེགས་པར་ཕྱེས་ཞེས་གྲགས། །


ཉི་མ་ཟླ་བར་རབ་མཚུངས་པའི། །
ཤིང་རྟའི་སྲོལ་ཟུང་མཚོ་ཆེན་ལས། །
ལེགས་འོངས་པཎ་གྲུབ་པད་དཀར་འཕྲེང༌། །
འཕགས་ཡུལ་མཛེས་རྒྱན་ཚར་དུ་དངར། །


ནམ་ཞིག་ལུགས་བཟང་འོ་མའི་མཚོ། །
ཀཻ་ལ་ཤ་ལྗོངས་རྫིང་བུའི་ངོགས། །
སྐལ་ལྡན་བསོད་ནམས་བསེར་བུ་ཡིས། །
རྣམ་པར་བསྐྱོད་ཅིང་ལུད་པ་ན། །


མཁས་མཆོག་ཞི་བ་སྲུང་བ་དང༌། །
གྲུབ་པའི་རྗེ་བོ་མཚོ་སྐྱེས་ཞབས། །
མི་རྗེ་ཟུར་ཕུད་ལྔ་པ་ཡི། །
རྣམ་འདྲེན་དད་པའི་དེད་དཔོན་གསུམ། །


དེར་ནི་སྐལ་ལྡན་བྱེ་བའི་བསོད་ནམས་ཀྱི། །
ཀྱོ་བས་ཉེ་བར་བཀུག་བཞིན་ལྷན་ཅིག་གཞེས། །
དེ་ལས་དྲང་སྲོང་དམ་པའི་སྤྱོད་ཚུལ་ལ། །
རྣམ་པར་གཞོལ་བའི་རྣམ་སད་གཞོན་ནུའི་ཚོགས། །


ཇི་ལྟར་ཆོས་བཟང་འདུན་ས་ན། །
མི་ཕམ་གསུང་སྐྱེས་དམ་པའི་ཚོགས། །
སྙེམས་པས་རོལ་བཞིན་དེ་ན་ཡང༌། །
དེ་ལྟའི་དགའ་བས་ཡ་མཚན་འཛིན། །


རེ་ཞིག་ཅིག་ན་ཚུལ་དེ་ལ། །
རྣམ་པར་འཁུ་བའི་ཡིད་ལྡན་པ། །
ཆུ་སྲིན་རྒྱལ་མཚན་གྱིས་མངགས་པའི། །
སྐྱེ་བོ་མཁའ་འགྲོའི་གདོང་ཅན་འགས། །


དྲང་སྲོང་གསུང་ཉིད་གཞན་དུ་འདྲེན་པ་ཡི། །
ལྟ་ངན་མི་གཙང་སྦགས་པའི་མཆུ་རིང་པོ། །
མི་རིགས་ཐན་སྐད་སྒྲོགས་བཞིན་ལུགས་བཟང་འདིའི། །
ནོར་འཛིན་འགྲམ་པར་ཕྱིས་པས་རྣམ་པར་བསླད། །


དེར་ཡང་གངས་ཅན་སྐྱེ་བོ་ཡི། །
བསོད་ནམས་རྟ་བདུན་གྱིས་དྲངས་པའི། །
པདྨའི་ངང་ཚུལ་ཉིན་བྱེད་ནི། །
དེ་ཉིད་བསལ་ཕྱིར་དེར་ནི་ཆས། །


རིགས་ཚུལ་རྡོ་རྗེའི་ཚ་ཟེར་གྱིས། །
ལོག་སྨྲ་འབྱུང་པོའི་བྱ་ཚོགས་ཀྱི། །
ཀླད་པའི་བུམ་པ་དྲལ་བྱས་ཤིང༌། །
ཐུབ་བསྟན་འདབ་བརྒྱ་བཞད་པར་མཛད། །


དེ་ནས་དུས་རིང་ཞིག་ན་དེ་ལྟའི་ཡ་མཚན་དགེ་ལེགས་ནོར་བུའི་དཔྱ། །
སྐྱེས་བུའི་བསོད་ནམས་ཟོང་གིས་འགུགས་པའི་དུས་ཀྱི་དབལ་ནི་རྟུལ་བ་ན། །
རིག་པའི་སྔགས་ནི་བརླང་པོར་འཛིན་པའི་སྤྱོད་ཚུལ་དྲི་མའི་ར་རི་ཡིས། །
ཡང་དག་ལྟ་སྤྱོད་ཤེལ་གྱི་གོང་བུ་རྙོག་པོར་བགྱིད་ལ་མངོན་དུ་ཕྱོགས། །


སླར་ཡང་དུས་དམན་གཤོང་བུ་རུ། །
འགྱེལ་བའི་ལུགས་བཟང་ཧ་རིའི་ལྗོན། །
གྱེན་དུ་སློང་བའི་རིག་སྔགས་མཁན། །
སྨོན་ལམ་མཐུ་གྲུབ་ལྷའི་བླ་མས། །


དད་པའི་བ་དན་ཕྱང་ཕྲུལ་ནི། །
སྙིང་སྟོབས་བརྟན་པོས་བཟུང་བ་གང༌། །
རྣམ་གནོན་ཚུལ་གྱི་ངོས་དག་ཏུ། །
ལན་ཅིག་མིན་པར་གཡབས་པ་ལས། །


ལྔ་རིག་ནོར་བུའི་དྲ་བ་བྱང་ཆུབ་ཐུགས་ཀྱི་སྨན་མཆོག་དང༌། །
ལྷན་ཅིག་ཐུགས་གསང་དཔལ་གྱི་བེའུར་ཡོངས་གཏམས་ཕུལ་བྱུང་ཞབས། །
བདག་གིས་འདིར་ནི་རྒྱལ་བའི་མཛད་པ་ངེས་པར་སྒྲུབ་སྙམ་དུ། །
བཀྲ་ཤིས་རྐང་པ་དལ་གྱིས་བགོམས་པས་དེར་ནི་ལྷགས་ཞེས་གྲགས། །


ཤིན་ཏུ་ཞི་བའི་སྤྱོད་ཚུལ་གོས། །
རྣམ་པར་བགོས་པའི་དམ་པ་དེས། །
དྲང་པོར་སྨྲ་བའི་ལམ་གསུམ་འབབ། །
ཞལ་གྱི་སྒོ་ལས་རྣམ་པར་སྐྱུགས། །


ལོག་པའི་ཚང་ཚིང་དྲུངས་ཕྱུང་ནས། །
དྲང་སྲོང་ལམ་བཟང་པདྨའི་ཚལ། །
མྱུར་བར་སྐྱེད་བསྲིངས་དགའ་སྟོན་གྱིས། །
རྫོགས་ལྡན་དཔལ་མོ་སླར་ཡང་བཀུག །


འཇིག་རྟེན་བླང་དོར་སྟོན་པའི་མིག་གཅིག་པུ། །
སྐྱེས་མཆོག་རིན་ཆེན་བཟང་པོའི་དཔལ་མངའ་དང༌། །
གསང་བ་བླ་མེད་ཆོས་ཀྱི་རྡོ་རྗེའི་མཛོད། །
བློ་གྲོས་སྙིམ་པར་ཐོགས་པའི་སྒྲ་སྒྱུར་སོགས། །


འཁོར་ལོ་བཞི་ལྡན་དམ་པ་འགས། །
འཕགས་ཡུལ་ཆོས་ཀྱི་བང་མཛོད་ལས། །
བློ་ཡི་ནུས་པས་ཅི་ཐེག་གི །
དམ་ཆོས་ནོར་བུ་རྣམ་པར་བླངས། །


ཐུབ་བསྟན་དཔྱིད་ཀྱི་དཔལ་མོ་ནི། །
དབུས་འགྱུར་ཚལ་ལས་རྣམ་འཕོས་པ། །
ཁ་བ་རི་པའི་ས་ཕྱོགས་སུ། །
གཏན་དུ་འཁྱིལ་བའི་རྩེ་དགའ་བཟུང༌། །


རྣམ་པར་དགེ་བའི་རྨད་བྱུང་ཟུར་མིག་མ། །
ལོག་པར་བགོམས་པའི་སྐྱེས་བུའི་གོམས་སྟབས་ལ། །
རངས་པར་མ་གྱུར་ད་ནི་འདི་ཉིད་ལས། །
གཞན་དུ་འགྲོ་སྙམ་འཁྱོག་པོར་བགྲོད་པ་ན། །


སྟོབས་བཅུ་མངའ་བའི་རྗེ་བོར་གྱུར་པའི་ཡབ་གཅིག་མཁྱེན་པའི་གཏེར་དེ་ནི། །
མྱུར་བ་མྱུར་བར་དབང་སྡོན་ཟུར་ཕུད་གསེར་ཞུན་ཁུ་བས་རབ་བྱུགས་ནས། །
ཐུབ་བསྟན་མཛེས་དགའ་མ་ཡི་ཡིད་ཀྱི་བརྟན་པ་ཉམས་པར་མི་འགྱུར་སླད། །
དག་པའི་ཞིང་གི་མཁའ་ལས་གངས་རིའི་སྨན་ལྗོངས་ངོགས་སུ་ལྡིང་བཞིན་གཤེགས། །


གང་གི་མཁྱེན་པའི་ལྷུན་པོ་ཡིས། །
ཤེས་བྱའི་དཀྱིལ་འཁོར་མཐའ་དག་ནི། །
ཡུངས་འབྲུའི་ཚད་དུ་བྱས་པ་ཡིས། །
རྒྱལ་བ་རྣམས་ཀྱང་སྐྱེངས་ཞེས་གྲགས། །


བདེ་བར་གཤེགས་གཞུང་ཆུ་ཀླུང་བྱེ་བ་ནི། །
དེ་ཡི་བློ་གྲོས་རྫིང་བུ་འགེང་བའི་སླད། །
ཉིན་མཚན་ཀུན་ཏུ་འབད་པས་བབས་གྱུར་ཀྱང༌། །
གང་ཐུགས་ར་བར་དོག་པའི་སྐབས་མ་མཆིས། །


དེ་ཡི་ཞལ་གྱི་པདྨོ་ལས། །
ལེགས་འོངས་ལེགས་བཤད་སྦྲང་རྩི་ཡིས། །
ངོམས་པའི་མཁས་གྲུབ་རྐང་དྲུག་ཚོགས། །
རིགས་པའི་དར་དིར་སྒྲོག་པ་ཡིས། །


ཛྭ་ཏིའི་རྐང་འཐུང་འཁྲིགས་པ་ནས། །
ཆུ་ཡི་མཛོད་འཛིན་སྔོ་བསངས་མའི། །
རལ་པ་རྣམ་པར་འགོངས་པའི་བར། །
བར་མཚམས་མེད་པར་འགེངས་པར་བྱས། །


ཅིར་ཡང་མི་སེམས་ཆུ་ཤིང་ལ། །
སྙིང་པོར་རེ་བའི་བྱིས་པ་ཡིས། །
རང་མཚང་སྒྲོག་པའི་ཅ་ཅོ་རྣམས། །
མིང་གི་ལྷག་མ་ཉིད་དུ་གྱུར། །


ཐབས་ཤེས་གཤོག་ཟུང་རྣམ་པར་བསྐྱོད་པ་ཡིས། །
སྲིད་པའི་རྒྱ་མཚོའི་ཕ་རོལ་ཕྱིན་བྱེད་པ། །
རྒྱལ་སྲས་ངང་པའི་ཁྱུ་ཚོགས་འདི་མཐོང་བས། །
བདུད་སྡེའི་ཡིད་ལ་མྱ་ངན་དཀའ་ཐུབ་བསྟེན། །


ཐུབ་པའི་དབང་པོ་ཀླུ་ཡི་ཞབས། །
འཇམ་དཔལ་དབྱངས་ཞེས་གྲགས་རྣམས་ཀྱིས། །
གསང་བའི་གཏམ་ནི་མ་ལུས་པ། །
འདི་ཉིད་སྲས་དང་བཅས་ལ་བསྟན། །


གནའ་དུས་མཁས་གྲུབ་གསེར་རིའི་འཕྲེང༌། །
ཡ་མཚན་བརྗིད་བག་ཆེ་རྣམས་ཀྱང༌། །
ཉི་མའི་དྲུང་ན་མེ་ཁྱེར་དང༌། །
མཚུངས་པའི་གནས་ལ་འདི་ཡིས་བཀོད། །


འདུལ་བ་འབུམ་སྡེའི་གཞུང་གི་དོན། །
ལག་ཏུ་ལེན་པའི་རིམ་པ་ཡང༌། །
འདི་ཉིད་ཁོ་ནའི་བཀའ་དྲིན་གྱིས། །
གངས་རིའི་ཁྲོད་དུ་རྫོགས་པར་གསལ། །


རིག་པའི་དབང་ཕྱུག་ལས་འོངས་པའི། །
རིགས་པའི་གློག་འཕྲེང་སྟོང་དག་ཀྱང༌། །
འདི་ཡི་ཞལ་གྱི་ཆུ་འཛིན་ལས། །
ཉམས་འགྱུར་བྱེ་བས་རྫོགས་པར་འཁྱུག །


ཕྱི་ནང་གྲུབ་མཐའི་ཁྱད་པར་གྱི། །
ཕྲ་བའི་གནས་རྣམས་རེ་རེ་བཞིན། །
རིགས་ལམ་བརྒྱ་ལས་ལེགས་དྲངས་པ། །
མ་འདྲེས་བཞིན་དུ་གསལ་བར་བཀྲ། །


རྒྱལ་ཡུམ་སྦས་དོན་སྙིང་པོའི་བཅུད་བཟང་པོ། །
རིམ་པ་བདུན་གྱི་རྒྱ་ཡིས་བཅིངས་པ་ཡང༌། །
འདི་ཡིས་དཀའ་བ་མེད་པར་ལེགས་བཀྲོལ་ནས། །
བློ་ལྡན་སྙིང་གི་བདུད་རྩི་ཉིད་དུ་མཛད། །


མཐའ་དང་བྲལ་བའི་ལྟ་བ་ཟབ་མོ་དང༌། །
དཔག་པར་དཀའ་བའི་གསང་སྔགས་བླ་མེད་ཚུལ། །
སུས་ཀྱང་གསལ་བར་མ་ནུས་གནས་དེ་ནི། །
འདི་ཡིས་མངོན་སུམ་བཞིན་དུ་འགྲོ་ལ་བསྟན། །


སྙིགས་མ་ལས་ཀྱང་ཆེས་སྙིགས་མའི། །
ངང་ཚུལ་མངོན་པར་བརྟས་གྱུར་ཀྱང༌། །
ཐུབ་པའི་གསུང་གི་གསང་བ་ནི། །
ད་དུང་མ་ཉམས་འདི་ཡི་དྲིན། །


དེ་ཕྱིར་འདི་ཡི་རིང་ལུགས་ནི། །
ཐུབ་པའི་གཏམ་གྱི་ཚུལ་ཡིན་ཏེ། །
འདི་ལས་གཞན་དུ་གྱུར་པ་དག །
བྱིས་པ་འདྲིད་པའི་ཟློས་གར་ཡིན། །


དེ་ལྟ་ལགས་ན་ད་དུང་ཚུལ་འདི་ལ། །
ཚུལ་བཞིན་སྤྱོད་པའི་བགོ་སྐལ་སྨོས་ཅི་དགོས། །
ལེགས་པར་མོས་པའི་སྐལ་བའང་ཕྲ་བ་རྣམས། །
ངེས་པར་རང་གི་ལས་ཀྱིས་ནོངས་ལས་ཅི། །


དེ་ཕྱིར་གང་ཞིག་མཁས་པའམ། །
འོན་ཏེ་མི་མཁས་པ་ཡང་རུང༌། །
རང་རང་ནུས་པ་ཅི་ཡོད་ཀྱིས། །
ཚུལ་འདི་ཉིད་ལ་འཇུག་པར་རིགས། །


རིགས་པས་ལེགས་པར་གྲུབ་པའི་ལུགས། །
བློ་ལྡན་རྣམས་ཀྱི་འཇུག་ངོགས་ཏེ། །
མི་རིགས་པའམ་ཐེ་ཚོམ་གྱི། །
གནས་ལ་དཔྱོད་ལྡན་སུ་ཞིག་འཇུག །


སྡེ་སྣོད་གསུམ་གྱི་དགོངས་པའི་དོན། །
འགལ་བ་མེད་ཅིང་ལེགས་གནས་པ། །
གང་དུ་ངེས་པར་ཡོད་པ་དེ། །
དྲང་སྲོང་ཆེན་པོའི་བསྟན་པ་ཡིན། །


བསླབ་པ་གསུམ་གྱི་སྒྲུབ་པ་ནི། །
སྐྱོན་དང་བྲལ་བར་ལེགས་གནས་པ། །
གང་གི་ཕྱོགས་ལ་མཆིས་གྱུར་པ། །
དེ་ནི་སངས་རྒྱས་བསྟན་པ་ཡིན། །


ཐབས་དང་ཤེས་རབ་ལེགས་འབྲེལ་ཞིང་། །
སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །
གང་དུ་ལེགས་པར་གནས་གྱུར་པ། །
དེ་ནི་ཐེག་ཆེན་བསྟན་པ་ཡིན། །


མཐའ་དང་བྲལ་བའི་ལྟ་བ་དང༌། །
དཔྱད་འཇོག་ཆ་མཉམ་སྒོམ་པ་དང༌། །
མདོ་སྔགས་བཤད་སྒྲུབ་འགལ་མེད་སྦྱོད། །
དེ་ནི་བསྟན་པ་སྐྱོན་མེད་ཡིན། །


ཐོས་བསམ་ཕྱོགས་སུ་མ་སོང་ཞིང༌། །
གཞུང་ལུགས་གདམས་པར་ཤར་བ་ཡིས། །
མཉན་འོས་རིགས་པའི་ལམ་སྨྲ་བ། །
དེ་ཉིད་ལ་ནི་མཁས་པ་ཟེར། །


ཉོན་མོངས་དབལ་ནི་ཆོགས་པ་དང༌། །
རང་དང་གཞན་རྒྱུད་འདུལ་བར་ནུས། །
ལྟ་སྒོམ་འཁྲུལ་བྲལ་གདེངས་ལྡན་པ། །
དེ་ཉིད་ལ་ནི་གྲུབ་པ་ཟེར། །


མཁས་པས་གྲུབ་པ་མ་བཅོམ་ཞིང༌། །
གྲུབ་པས་བཙུན་པ་མ་བཅོམ་པར། །
བསྟན་ལ་ཕན་པ་བསྒྲུབ་པ་ལ། །
སྐྱེས་བུ་དམ་པ་ཞེས་ཀྱང་ཟེར། །


དེ་ཕྱིར་གང་ལ་འཇུག་པར་བྱ་བའི་གནས། །
དེ་ལ་ཇི་ལྟར་འཇུག་པར་བྱ་བའི་ཚུལ། །
ཞུགས་ལས་འབྲས་བུ་ཇི་ལྟར་འབྱུང་བ་རྣམས། །
མ་ནོར་ཤེས་པ་མདུན་མའི་གཙོ་བོ་ཡིན། །


དེ་ལྟར་རྒྱལ་བའི་བསྟན་པ་ཡི། །
རིམ་པ་ཅུང་ཟད་བརྗོད་པ་འདི། །
འཆད་པར་འགྱུར་བའི་བསྟན་བཅོས་ཀྱི། །
ངོ་མཚར་གཏམ་གྱི་གླེང་གཞི་ཡིན། །


གང་གི་ཟབ་བརླིང་ངམ་གནག་བློ་ཡི་རྒྱ་མཚོ་གཏིང་མཐའ་བྲལ་བཞིན་སྣང་བའི་འཇུག་ངོགས་སུ། །
མཐའ་ཡས་ལེགས་བཤད་བྱ་བའི་ཆུ་ཀླུང་རིགས་ལམ་དབུ་བའི་འཛུམ་པ་ཅི་ཡང་རྒོད་བཞིན་དུ། །
རྒྱུན་ཆད་མེད་པར་འབབ་པའི་དགའ་བ་སྙིང་ལ་གནས་པ་དེ་ཡི་ཁ་ཡི་སྒོ་དག་ལས། །
དུས་མཐའ་འདིར་ཡང་ལེགས་བཤད་འོད་འཕྲེང་བྱེ་བ་འགྱེད་པའི་ཡ་མཚན་འདི་ལ་ད་ལྟོས་ཤིག །