མདུན་ངོས། » གསར་རྩོམ། » ཕྱིས་རྩོམ། » སྡོམ་གསུམ་སྨོན་ལམ་གདབ་པ་འཇིག་རྟེན་ངལ་གསོ།

སྡོམ་གསུམ་སྨོན་ལམ་གདབ་པ་འཇིག་རྟེན་ངལ་གསོ།

 

སྡོམ་གསུམ་སྨོན་ལམ་གདབ་པ་འཇིག་རྟེན་ངལ་གསོ་ཞེས་བྱ་བ་བཞུགས་པའོ། །
གཤེན་གྱི་ཀློག་པ་བ་གཡུང་དྲུང་ཚུལ་ཁྲིམས།

 

འདུལ་བརྒྱུད་ཀྱི་མཁན་སློབ་རྣམས་ལ་ཕྱག་འཚལ་ལོ། །
༧ རབ་འབྱམས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི།
ཕྲིན་ལས་ཕུང་པོ་གཅིག་ཏུ་བསྡུས་པ་ཡི།
རྣམ་དཀར་དགེ་ལ་འདོམས་པའི་འཕྲུལ་ངག་བོན།
མཐའ་ཡས་འགྲོ་བའི་དཔྱིད་དུ་འབར་བར་ཤོག

 

༧ ཤིན་ཏུ་རྒྱས་པའི་སྡེ་སྣོད་འཛིན་མའི་ཁྱོན།
ལེགས་འཁྲུངས་འདུལ་བའི་སྤྱོད་པ་པདྨོའི་ཚལ།
རབ་བཞད་གསེར་གྱི་འདབ་མ་གཡོ་བ་ཡི།
དྲི་བསུང་ཕྱོགས་བཅུ་ཀུན་དུ་འཕྲོ་བར་ཤོག

 

༧རྨད་བྱུང་ཡན་ལག་བརྒྱད་ལྡན་དགེ་བའི་དཔལ།
འགྲོ་ཀུན་མངོན་པར་རོལ་ཞིང་ལེགས་བཤད་ཀྱི།
རིན་ཆེན་རྔ་གསང་ནམ་མཁའི་ཁམས་ཀུན་ཏུ།
རྒྱུན་མི་ཆད་དུ་ཕྱོགས་བཅུར་གྲགས་པར་ཤོག

 

༧ ངེས་འབྱུང་གཞལ་མེད་ཁང་བཟང་པད་མཚོའི་དབུས།
གཏན་ཁྲིམས་ཧ་རི་ཙན་དན་ཁྱོན་རྒྱས་པས།
མི་ཤེས་རྨོངས་པ་ཕྲོགས་ཏེ་ཕྱོགས་རྣམས་ཀྱི།
འགྲོ་ཀུན་རྒྱུད་རྣམས་ཡོངས་སུ་སྨིན་པར་ཤོག

 

༧ རབ་དཀར་གཙང་མ་གཙུག་ཕུད་ཚུལ་ཁྲིམས་ཀྱིས།
སྲིད་པས་འཆིང་བ་མ་ལུས་རབ་བརྒལ་ཏེ།
ལེགས་བཤད་མེ་ཏོག་ཕྲེང་བ་གང་དག་དང༌།
རྣམ་པ་ཀུན་ཏུ་ལྷན་ཅིག་རྒྱས་པར་ཤོག

 

༧ ཀུན་གྱི་མི་མྱོང་བདུད་རྩིའི་བསྐལ་བཟང་གིས།
དོག་འདིར་ནམ་མཁའི་ཁམས་ཀྱི་མཐའ་ཀླས་པར།
རྒྱུད་དྲུག་ལ་སོགས་གསུང་རབ་རིན་ཆེན་མཛོད།
ཇི་སྙེད་སྲིད་མཐའི་བར་དུ་རྒྱས་པར་ཤོག

 

༧ སྟག་གཟིགས་ཡུལ་དུ་དམུ་རྒྱལ་ཐོད་དཀར་སྲས།
རྒྱལ་སྲིད་རྩྭ་བཞིན་དོར་ནས་དཀའ་ཐུབ་བཞིན།
འཁོར་བའི་དུཿཁས་བརླན་པའི་སེམས་ཅན་རྣམས།
དབེན་པའི་གནས་སུ་དཀའ་ཐུབ་སྤྱོད་པར་ཤོག

 

༧ འཁོར་བའི་འདམ་ལ་བྱིང་བའི་སྐྱེ་བོ་གང༌།
ཐུན་མཚམས་གསར་པ་ཅི་བཞིན་ངུར་སྨྲིག་གི
ཚུལ་གྱིས་ལུས་ཀུན་མ་ལུས་བྱུག་བྱས་ཏེ།
ཁྲི་གཙུག་རྒྱལ་བའི་ཚུལ་བཞིན་སྤྱོད་པར་ཤོག

 

༧ ངེས་འབྱུང་གསེར་གྱི་དགའ་ཚལ་ཡངས་པ་དེར།
སྲིད་དང་ཞི་བའི་དཔལ་འབྱོར་རྒྱས་པའི་གཞི།
རྣམ་དག་ཚུལ་ཁྲིམས་རྫོགས་པའི་དགའ་སྟོན་ལ།
སྐྱེ་འགྲོ་ཀུན་གྱིས་རྟག་ཏུ་སྤྱོད་པར་ཤོག

 

༧ སྲིད་གསུམ་ཀུན་གསལ་ནམ་མཁའ་ཡངས་པའི་ཀློང༌།
ཉིས་བརྒྱ་ལྔ་བཅུ་རྫོགས་པའི་དཀྱིལ་འཁོར་ལ།
ཕ་རོལ་ཕྱིན་བཅུའི་འབྲས་བུ་ཡོངས་དུད་དེ།
ངོམས་པ་མེད་པར་ལོངས་སུ་སྤྱོད་པར་ཤོག

 

༧ སྨིན་གྲོལ་ཟབ་མོ་ཟབ་ལམ་སྔགས་ཀྱི་བདག
བདེ་གཤེགས་ཀུན་ཀྱི་དགོངས་པ་མཐའ་དག་པ།
བསླབ་གསུམ་རྟ་བདུན་དབང་པོའི་ལེགས་དྲངས་ཏེ།
སྐལ་བཟང་བློ་གྲོས་པདྨོར་འཆར་བར་ཤོག

 

༧ བསླབ་གསུམ་རིན་ཆེན་གསེར་གྱིས་ཡོངས་གང་ཞིང༌།
དགེ་ལེགས་མ་ལུས་འཆང་བའི་བདག་ཉིད་ཅན།
ངུར་སྨྲིག་རྒྱན་སྤྲས་འདུལ་བ་འཛིན་པ་གང༌།
བསྟན་འགྲོའི་དཔལ་དུ་ནམ་མཁའ་གང་བར་ཤོག

 

༧ གཞན་ཡང་སྐྱེ་དགུ་བུང་བའི་ཚོགས་རྣམས་ཀྱིས།
ལེགས་བཤད་གསེར་གྱི་རྫིང་བུ་བགྲང་ཡས་པར།
ཐོས་པ་མུ་ཏིག་ཟེའུ་འབྲུ་རབ་བསྐྲུན་སྟེ།
བཅུད་ལྡན་བསམ་གཏན་རོ་མཆོག་མྱོང་ཤར་ཤོག

 

༧ བདེ་ཆེན་ལྷུན་གྱིས་གྲུབ་པའི་འཕྲིན་ལས་ཀྱིས།
བདག་ལྟ་འཛིན་པའི་བདོག་པ་ཀུན་བཏང་ནས།
གཞན་ཕན་བློ་གྲོས་འགྱུར་མེད་གཡུང་དྲུང་བཞིན།
རྒྱས་སྲས་སེམས་དཔའི་མཛད་པ་མཐར་ཕྱིན་ཤོག

 

༧ སྔོན་གྱི་རྒྱལ་བ་མ་ལུས་གཤེགས་པའི་ཤུལ།
རྣམ་གྲོལ་བདེ་ཆེན་ནམ་མཁའི་གུར་ཁྱིམ་ཅན།
མ་ལུས་འགྲོ་བ་ཀུན་གྱིས་རབ་བསྙེག་ནས།
བླ་མེད་བྱང་ཆུབ་མངོན་དུ་གྱུར་པར་ཤོག །།
ཅེས་པ་འདི་ནི་སྐྱེ་འགྲོ་ཡོངས་ཀྱི་བསྟི་གནས་སུ་གྱུར་པའི་བསླབ་གསུམ་དམ་དུ་འཆང་ཞིང་ངུར་སྨྲིག་གར་གྱི་རོལ་པའི་བདག་ཉིད་ཞུའི་བསྟན་འཛིན་ཆེན་པོ་གཡུང་དྲུང་བློ་གྲོས་དབང་གི་རྒྱལ་པོས་བཀས་བསྐུལ་བ་ལ་བརྟེན་ནས། ཐོས་བསམ་གྱི་ཆ་ཙམ་འཛིན་པའི་གཤེན་གྱི་ཀློག་པ་བ་གཡུང་དྲུང་ཚུལ་ཁྲིམས་ཀྱིས་བཀྲ་ཤིས་སྨན་རིའི་ཁྲོད་དུ་སྦྱར་བའོ། དགེའོ།