མདུན་ངོས། » གསར་རྩོམ། » སྔགས་ཕྱོགས། » མདོ་སྔགས་ཀྱི་སྒོམ་དོན་བསྡུས་པ་བཞུགས་སོ། །

མདོ་སྔགས་ཀྱི་སྒོམ་དོན་བསྡུས་པ་བཞུགས་སོ། །

 

མདོ་སྔགས་ཀྱི་སྒོམ་དོན་བསྡུས་པ་བཞུགས་སོ། །
ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་།

ན་མོ་གུ་རུ། ངན་སོང་གསུམ་གྱི་སྡུག་བསྔལ་གྱིས་འཇིགས་ནས། སྐྱབས་སུ་སངས་རྒྱས་ཉག་གཅིག་ཡིན་པར་ཤེས་ཤིང་། སྲོག་གི་ཕྱིར་ཡང་སྐྱབས་འགྲོ་མི་གཏོང་བ་ནི། སྐྱེས་བུ་ཆུང་ངུའི་ཆོས་ཡིན་པས། དུས་རྟག་ཏུ་ངན་སོང་གསུམ་གྱི་སྡུག་བསྔལ་སོམས་ལ་སྐྱབས་འགྲོ་གྱིས། འཁོར་བ་མཐའ་དག་ལ་ཡིད་ཕྱུང་ནས། རང་ཐར་པ་མྱ་ངན་ལས་འདས་པ་ཐོབ་པར་འདོད་པས། མི་དགེ་བ་བཅུ་སྤོང་། དགེ་བ་བཅུ་སྒྲུབ་པ་ནི། སྐྱེས་བུ་འབྲིང་གི་ཆོས་ཡིན་པས། དུས་རྟག་ཏུ་འཁོར་བའི་སྡུག་བསྔལ་སོམས་ལ། མི་དགེ་བ་ཕྲ་མོ་ནས་སྤོངས། དགེ་བ་མཐའ་དག་དང་དུ་ལེན་པར་གྱིས། འཁོར་བའི་མ་རྣམས་ཀྱི་སྡུག་བསྔལ་མ་བཟོད་ནས་དེ་རྣམས་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་པ་ནི། སྐྱེས་བུ་མཆོག་གི་ཆོས་ཡིན་པས། དུས་རྟག་ཏུ་སེམས་ཅན་ལ་བྱམས་པ་དང་སྙིང་རྗེ་སྒོམ་པ་ལ་བརྩོན་པར་གྱིས། ངན་སོང་གི་སྡུག་བསྔལ་བསམས་པས། ངན་སོང་ལ་བློ་ལོག་ནས་མཐོ་རིས་ལྷ་མི་ཐོབ་པར་འདོད་པས། དཀོན་༼༢ན༽མཆོག་གསུམ་ལ་སྐྱབས་སུ་སོང་བས། མི་དགེ་བ་བཅུ་སྤོང་ཞིང་དགེ་བ་བཅུ་ཉམས་སུ་ལེན་པ་ཡིན་ནོ། །དེ་ནས་འཁོར་བ་མཐའ་དག་གི་སྡུག་བསྔལ་བསམས་ནས། འཁོར་བ་མཐའ་དག་ལ་བློ་ལོག་སྟེ་ཐར་པ་མྱ་ངན་ལས་འདས་པ་ཐོབ་པར་འདོད་པས། བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་བླངས། འདུལ་བ་སྒྲུབ་ཐབས་སུ་བྱས་ནས་ཚེ་འདི་ལ་བློ་ལྡོག་པ་ཡིན་ནོ། །དེ་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམས་པས། ཐེག་པ་དམན་པ་ལ་བློ་ལྡོག་པ་ཡིན་ནོ། །དེ་ནས་བདག་མེད་རྣམ་གཉིས་སྒོམ་པ་ཡིན་ཏེ། བཀའ་གདམས་ཀྱི་གཞུང་ཤིང་དེ་འདྲ་བ་ཞིག་ཡིན་གསུང་ངོ་། །གསང་སྔགས་ཀྱི་དབང་དུ་བྱས་ན་ཡང་། བཀའ་གདམས་པའི་ལུགས་སུ། དང་པོ་ནས་རྫོགས་པར་མི་སྟོན། དང་པོ་ཚོགས་གསོག་ཙམ་སྟོན། དེ་ནས་བསྐྱེད་རིམ་གཅིག་ཙམ་སྟོན། དེ་ནས་ཡེ་ཤེས་སེམས་དཔའ་གཞུག་པ་སྟོན། དེ་ནས་དབང་བསྐུར་མཆོད་བསྟོད། དེ་ནས་རྫོགས་རིམ་སྟོན་པ་ཡིན་གྱི། དང་པོ་ནས་རྫོགས་པར་མི་སྟོན། དགེ་བཤེས་ལྕགས་རི་༼༢བ༽བའི་ཞལ་ནས། ལྟ་བ་ཀུན་རྫོབ་ཡིན། མཐའ་གཉིས་དང་བྲལ་བའི་དབུ་མ་བྱ་བ། ཕ་རོལ་ཏུ་ཕྱིན་པའི་ལྟ་བ་ཡིན། དོན་དམ་པ་ལ་བལྟ་རྒྱུ་མེད་གསུང་། གསང་སྔགས་ཀྱི་ལྟ་བ་སེམས་ཡིན་གསུང་། ནཱ་རོ་པའི་བཞེད་པས། མ་སྨིན་པ་སྨིན་པར་བྱེད་པ་དབང་གི་ལམ། སྨིན་པ་གྲོལ་བར་བྱེད་པ་བསྐྱེད་རྫོགས་གཉིས་གདན་ཐོག་གཅིག་ཏུ་བསྒོམ་པར་བྱ་བ་དང་། རིམ་གྱིས་པའི་ལུགས་གཉིས་ཡིན་ཏེ། གདན་ཐོག་གཅིག་ཏུ་སྒོམ་པ་ཅིག་ཅར་བའི་དུས་སུ་སྟོན། རིམ་གྱིས་པ་ནི་འོག་མ་འོག་མ་ལ་བརྟན་པ་ཐོབ་ནས། གོང་མ་གོང་མ་སྟོན་ཏེ། བསྐྱེད་རིམ་ལ་བརྟན་པ་ཐོབ་ནས་རྫོགས་རིམ་སྒོམ། དེ་ཡང་ནང་ནས་ཤར་བ་དེ་རྫོགས་རིམ་གཤའ་མ་དེ་ཡིན། ནང་ནས་མ་ཤར་ན་ཟབ་པའི་རྫོགས་རིམ་དུ་མིང་བཏགས་ཀྱང་། དོན་ལ་བློས་བྱས་ཅིག་ཡིན་གསུང་། སྤྱིར་དེ་ལྟར་ཡིན་ཡང་འཁོར་བ་མཐའ་དག་ལས་ཐར་བར་བྱེད་པ་ལ་དོན་དམ་བྱང་ཆུབ་ཀྱི་སེམས་དགོས་ཏེ། དེ་ཡང་། ཇོ་བོ་རྗེའི་ལུགས་ཀྱིས་ཕྱི་ནས་སྤྱོད་པར་བཞེད། བླ་མ་མི་ལའི་བཞེད་པས་ནང་ནས་སྤྱོད་པ་ཡིན། བླ་མ་ནི་བར་དེར་སྤྱོད། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། བླ་མའི་བཞེད་པས། རིག་པ་དང་སྟོང་པ་ལྷན་ཅིག་སྐྱེས་གསུང་། དེ་ཡང་། གྲུབ་པ་ཐོབ་པའི་སྐོར་ནས་བཤད་པ་དང་། རྡོ་རྗེ་འཆང་གི་རྒྱུད་དུ་གསུངས་པ་དང་། རྣལ་འབྱོར་པ་ལ་ནང་ནས་ཤར་བ་ཡོ་མཐུན། བླ་མའི་ཞལ་ནས། ནང་ནས་བྱུང་བ་དང་མི་མཐུན་ན། ཡང་ན་རང་གི་ནོར། ཡང་ན་གཞན་གྱི་ནོར་གསུང་། ཚན་ཅིག་ནས་ཐབས་གཙོ་ཆེར་བཤད། ཚན་ཅིག་ནས་ཤེས་རབ་གཙོ་ཆེར་བཤད་དེ། བློ་དམན་པའི་དུས་སུ་ཐབས་གཙོ་ཆེ་བ་མན་ངག་ཡིན། བློ་ཡར་སོང་ཙ་ན་ཤེས་རབ་གཙོ་ཆེ་བ་ཤུགས་ཀྱིས་འོང་བ་ཡིན། དེ་ཡོ་ལ་མི་དགོས་སྙམ་ཙ་ན་དགོས་བསྡོ་བ་ཅིག་ཡིན་གསུང་། ཤུགས་འབྱུང་གིས་འགག་པ་ཅིག་དགོས་པ་ཡིན། ཤུགས་༼༣ན༽འབྱུང་ཞེས་པ་ནི་བཅོས་མ་དང་བྲལ་བ་ཅིག་ཡིན། སྒོམ་ཆེན་པ་རྣམས་ལ་ཞུ་ན། གནས་པའི་དུས་སུ་རྟོག་མེད་དེ་རྒྱུན་སྲིད་པ་ཡིན། ངོ་བོ་ལ་རྟོག་མེད་རྒྱུན་བསྲིང་ན་ཆོས་ཀྱི་གནད་མ་གོ་བ་ཡིན། ཆོས་ཤ་རུས་མ་ཆོད་པ་ཡིན། གདོད་མ་ནས་རྒྱུན་ཆད་མ་མྱོང་བའི་གནད་ཀས་གསུང་ངོ་། །ཡང་རིན་པོ་ཆེའི་ཞལ་ནས། དོན་དམ་པ་འདི་འདྲ་བ་ཅིག་ཡིན་བྱ་བ་ནི། སངས་རྒྱས་ཀྱིས་ཀྱང་བསྟན་པར་མི་ནུས། རྒྱུན་ཆད་མེད་པ་དེ་སངས་རྒྱས་ཀྱིས་བཀག་པས་ཀྱང་མི་ཁེགས། སངས་རྒྱས་ཀྱིས་གཟིགས་པར་མི་འགྱུར་གསུང་། དགེ་བཤེས་ཡོན་བདག་གི་ཞལ་ནས། གྲུབ་མཐའ་ལ་བརྟེན་ནས་རིག་པས་གཞིགས་ནས། ཤ་བ་སྒྱེའུར་ཆུད་པ་ལྟར་འགྲོ་ས་འདི་ལས་མེད་ཟེར་ཏེ། ཁྱོད་ཀྱི་དེ་ལ་རྣམ་རྟོག་བློ་ཕུགས་གཏད་བྱས་པས། དེ་ནི་ཁྱོད་རང་གིས་བྱ་བ་ཡིན་ན། ཁྱོད་ཀྱི་དེ་ངོ་བོར་མི་འོང་། ཕུང་འདྲེ་མཁན་པོ་ལོགས་ན་ཡོད་པར་ཆ་མེད་པར་གསུང་ངོ་། །དགེ་བཤེས་ལྕགས་རི་བའི་ཞལ་ནས། ཀླུ་སྒྲུབ་ཀྱི་དབུ་མ་རྟོགས་སུ་མི་སྟེར་བར་རབ་རིབ་རྣམ་པ་གཉིས་ཡིན་ཏེ། མ་རིག་པའི་རབ་རིབ་དང་། ལྟ་བའི་རབ་རིབ་བོ། །མ་རིག་པའི་རབ་རིབ་ནི་གོ་སླ། ལྟ་བའི་རབ་རིབ་ནི། གྲུབ་མཐའི་རྟོག་པ་སྣ་ཚོགས་ཀྱིས་བློ་བསླད་པ་དེ་ཡིན་གསུང་ངོ་། །བླ་མའི་ཞལ་ནས། དེ་ཐམས་ཅད་བློས་བྱས་ཀྱི་གྲུབ་མཐའ་བྱ་བ་ཡིན་གསུང་། སྒོམ་ལས་མ་བྱུང་གི་ལྟ་བ་དཀའ་གསུང་ངོ་། །རིན་པོ་ཆེའི་ཞལ་ནས། བཀའ་གདམས་པ་ཡང་ལྟ་བ་ལ་རྩིས་ཆེ་སྟེ། གྲུབ་མཐའི་ལྟ་བ་འདི་ལྟར་ལགས་ཟེར་བ་ལ་རྩིས་མི་ཆེ། ལྟ་བ་རང་ཤར་ལ་རྩིས་ཆེ། ལར་ཆོས་ཐམས་ཅད་ཉམས་ཐོག་ནས་སྨྲ་བ་ཅིག་དགོས། སྟོང་ཉིད་ཤེས་བྱའི་གཤིས་སྒོམ་པ་དང་། རྩ་རླུང་སྒོམ་པའི་རྟེན་འབྲེལ་གྱིས་ཉམས་འབྱུང་སྟེ། དེ་ཡང་ཉམས་ཡིན་པ་ཡིན་ཏེ། དེས་༼༣བ༽ཆོས་ཤ་རུས་ཆོད་པ་མི་འོང་། ཆོས་ཤ་རུས་ཆོད་པ་ལ། དོན་དམ་ལ་སྐྱེ་མེད་སྐྱེས་པའི་ཉམས་ཤིག་དགོས་གསུང་། ཀུན་རྫོབ་སྒྱུ་མར་མཐོང་བ། བློའི་ཡུལ་དུ་བྱར་མི་འདོད། དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་མ་གཟིགས་ན། རྣམ་རྟོག་གི་བློས་མི་མཐོང་གསུང་ངོ་། །རིན་པོ་ཆེའི་ཞལ་ནས། གསང་སྔགས་ཀྱི་རྒྱུད་ཅིག་ལམ་དུ་སློང་བ་ཡིན་ཏེ། དེ་ཡང་རྒྱུ་གཅིག་ལམ་དུ་སློངས་ན་ཡོ་སློང་བ་ཡིན། དེ་ཅི་ལྟར་སློང་ན། དབང་བཞི་པ་ལམ་དུ་སློང་བ་ཡིན། བུམ་པའི་དབང་གི་དགོས་པ་ཅི་འདྲ་བ་ཞིག་ཡོད་ན། ཐ་མལ་པའི་ཞེན་པ་ལྡོག་ནས་ལྷའི་ང་རྒྱལ་དུ་བྱེད་པ་ཡིན། ཉོན་མོངས་པ་ལྔ་བཟློག་ནས་ཡེ་ཤེས་ལྔར་བྱེད་པ་ཡིན། གསང་བའི་དབང་གིས་རང་ལ་ཡོད་པའི་བདེ་བ་སྐྱེད་པར་བྱེད་པ་ཡིན། ཤེས་རབ་ཡེ་ཤེས་ཀྱི་དབང་གིས་ཟག་མེད་ཀྱི་བདེ་བ་བསྐྱེད་པར་བྱེད་པ་ཡིན། ཚིག་དབང་རིན་པོ་ཆེས་ནི་ཆོས་ཀྱི་སྐུ་ངོ་སྤྲོད་པར་བྱེད་པ་ཡིན་གསུང་། མ་སྨིན་པ་སྨིན་པར་བྱེད་པ་དབང་གི་ལམ་གྱིས་སྨིན་པར་བྱས་ནས། སྨིན་པ་གྲོལ་བར་བྱེད་པ་ཐབས་བསྐྱེད་རྫོགས་གཉིས་ཡིན་ཏེ། དེ་ཡང་། ངོ་བོ་ཉིད་ཀྱི་སྐུ་ཉོན་མོངས་པའི་དྲྭ་བ་ཐམས་ཅད་དང་བྲལ་བ། བདག་གི་སེམས་ཀྱིས་སྟོང་ཉིད་ཀྱི་རང་བཞིན་བདེ་བར་གཤེགས་པ་འབའ་ཞིག་གི་སྤྱོད་ཡུལ། ཆོས་ཀྱི་དབྱིངས་ཀྱི་སེམས། བདེ་བ་ཆེན་པོའི་བདག་ཉིད་རྟོགས་པར་བྱེད་དོ། །དེ་ཡང་། ལྷའི་སྐུ་སྒྱུ་མ་ལྟ་བུ་ལ་བརྟེན་ནས་བསྐྱེད་རིམ་གྱི་ལམ་བསྒོམས་པས། ཞི་གནས་དང་ལྷག་མཐོང་གི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་སྟེ། རྟོག་པའི་རང་བཞིན་བརྒྱད་ཅུ་དང་བྲལ་ནས། རྟོག་མེད་སྐྱེ་བ་ནི་མཆོག་དགའ། རྟོག་པའི་རང་བཞིན་བདུན་དང་བྲལ་ནས། ལྷན་ཅིག་སྐྱེས་པའི་དགའ་བའོ། །དེའི་དུས་ན། ནང་རྟགས་ལྔ་དང་། ཕྱིའི་རྟགས་བརྒྱད་ལ་སོགས་པ་དང་། ལུས་སེམས་སྦྱངས་པའི་རྟགས་མང་༼༤ན༽དུ་འབྱུང་ངོ་། །དེ་ནི་བསམ་གཏན་དང་པོའི་དངོས་གཞི་ཡིན་ན། དེ་ལ་ངེས་ཤེས་སྐྱེས་ནས་ཆོས་སྐུ་མངོན་སུམ་དུ་ཐོབ་པར་བྱེད་པ་ཡིན་ནོ། །བླ་མས་ངེས་ཤེས་དྲངས་ནས་བདེ་བ་རྟོག་མེད་སྒོམ་པ་ནི། འདུ་ཤེས་ཀྱི་རྣམ་པར་ཤེས་པའི་མངོན་སུམ་གྱི་བསམ་གཏན་དང་པོའི་དགའ་བདེ་སྒོམ་པ་ཡིན་ནོ། །དེ་ལྟར་ནང་གི་དགའ་བ་བརྟན་པའི་སྟོབས་བཟུང་བ། སྟོང་ཉིད་རྟོགས་པའི་རྣལ་འབྱོར་གྱི་མངོན་སུམ་ཡིན་ནོ། །དེ་ཡང་སོ་སོ་སྐྱེ་བོ་ལ་ཇི་ལྟར་སྐྱེ་ན། གང་དག་བག་ཆགས་སྲབ་པ་དང་། །རྒྱུ་རྐྱེན་རྟེན་འབྲེལ་འཛོམ་པ་ལས། །མེ་ལོང་དག་གི་གཟུགས་བརྙན་བཞིན། །སེམས་ཉིད་མངོན་སུམ་དག་གིས་རྟོགས། །དེ་ལྟ་བུའི་སེམས་ཉིད་ཀྱི་སྟོང་ཉིད་རྟོགས་པ་ནི། ཟག་པ་མེད་པའི་སྡོམ་པ་དང་པོའི་མངོན་སུམ་ཡིན་ཏེ། སེམས་ཉིད་ཀྱི་སྟོང་ཉིད་ལ་ངེས་ཤེས་སྐྱེས་པའི་ཕྱིར་རོ། །ངེས་ཤེས་སྐྱེས་ནས། སེམས་ཉིད་ཀྱི་སྟོང་ཉིད་ལ་ཚད་མས་ངེས་པ་ཡིན་ནོ། །དེ་ལ་ངེས་ཤེས་མ་སྐྱེད་ན། ཟག་པ་མེད་པའི་ས་བོན་མ་སྐྱེས་པས། སོ་སོར་བརྟགས་མིན་གྱི་འགོག་པ་ཞེས་བྱའོ། །ཞེས་གསུངས་སོ། །ཡང་རིན་པོ་ཆེའི་ཞལ་ནས། སེམས་ཉིད་འགྱུར་བ་མེད་པ། རྒྱུན་ཆད་པ་མེད་པ། དུས་ཐམས་ཅད་པའོ། །འགྱུར་བ་མེད་པ་ནི། དབྱིབས་དང་ཁ་དོག་ཏུ་མ་གྲུབ་པས་འགྱུར་བ་མེད་པའོ། །རྒྱུན་ཆད་མེད་པ་ནི། རིག་པ་ལ་རྒྱུན་ཆད་མེད་པའོ། །དུས་ཐམས་ཅད་པ་ནི། དུས་འདི་ནས་ཡོད་དང་འདི་ནས་མེད་བྱ་བ་མ་ཡིན། མ་སྐྱེས་ཤིང་མ་འགགས་པའི་ཕྱིར་དུས་ཐམས་ཅད་པའོ། །སེམས་གྲུབ་མཐའི་བློས་མ་བསྒྱུར་བ་རྣམ་པར་རྟོག་པ། གྲུབ་མཐའི་བློས་བསྒྱུར་བ་རྣམས་ལ་རྣམ་པར་རིག་པ། རྟོགས་པའི་དུས་སུ་ཡེ་ཤེས་སོ། །ཤེས་པ་ཤེས་རབ། ཤེས་བྱ་གསུམ་གང་ཞེ་ན། ཤེས་པ་ནི་རང་རིག་པའི་ངོ་བོ། །༼༤བ༽ཤེས་བྱ་ནི་བློའི་ཡུལ་དུ་གྱུར་པ་ཐམས་ཅད་ཤེས་རབ་ནི་དེ་ཉིད་རྟོགས་པར་བྱེད་པ་ལ་བྱའོ། །ཞེས་གསུང་ངོ་། །ཡང་རིན་པོ་ཆེའི་ཞལ་ནས། ཚེ་འདི་བློས་བཏང་ནས་ཆོས་གཤའ་མར་བྱེད་པ་ལ། བླ་མ་མ་ནོར་བ་ཞིག་དང་འཕྲད་དགོས། ཆོས་མ་ནོར་བ་ཞིག་དང་འཕྲད་དགོས། བླ་མ་ནོར་བ་དང་ཕྲད་ན། ཆོས་ནོར་བ་དང་ཕྲད་ནས་ལམ་མ་ནོར་བ་རྒྱུད་ལ་མི་སྐྱེ། དེ་མ་སྐྱེས་ན། འབྲས་བུ་མ་ནོར་བ་རྒྱུད་ལ་མི་འཆར། དེ་མ་ཤར་ན་སངས་མི་རྒྱ། དེས་ན། བླ་མ་མ་ནོར་བ་ཞིག་དང་ཕྲད་ན། ཆོས་མ་ནོར་བ་ཞིག་དང་ཕྲད། དེ་དང་ཕྲད་པས་ལམ་མ་ནོར་བ་རྒྱུད་ལ་སྐྱེ། དེ་རྒྱུད་ལ་སྐྱེས་པས་འབྲས་བུ་མ་ནོར་བ་རྒྱུད་ལ་འཆར་གསུང་། ཆོས་གཤའ་མ་ཞིག་བྱེད་ན། དང་པོ་མི་རྟག་པ་བསྒོམས་པའི་སྟོབས་ཀྱིས་ཚེ་འདི་ལ་བློ་ལྡོག་པ་ཞིག་དགོས། དེ་ནས་འཁོར་བའི་ཉེས་དམིགས་བསྒོམས་པས། འཁོར་བ་མཐའ་དག་ལ་བློ་ལྡོག་དགོས། དེ་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས། འཁོར་བ་ན་གནས་པའི་མ་རྣམས་ཀྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པ་ཞིག་དགོས། བྱང་ཆུབ་ཀྱི་སེམས་རྣམ་གཉིས་རྒྱུད་ལ་སྐྱེས་ན་སངས་རྒྱས། དེ་གཉིས་མ་སྐྱེས་ན་སངས་མི་རྒྱ། བསོད་ནམས་ཀྱི་ཚོགས་གསོག་པ་དང་། བསྐྱེད་རིམ་སྒོམ་པ་དང་། བཟླས་པ་བྱེད་པ་ལ་སོགས་པ་ཡང་། དེ་གཉིས་ཀྱི་ཞབས་ཏོག་གི་ཚུལ་དུ་བྱེད་པ་ཡིན། ཀུན་རྫོབ་སྒྱུ་མ་ཙམ་དུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་གསུང་། བསྒོམ་པར་བྱ་བ་ནི། ཕྱི་གཟུང་བའི་ཡུལ་དང་། ནང་འཛིན་པའི་སེམས་ཡིན་ཏེ། ཕྱི་གཟུང་བའི་ཡུལ་རླུང་གི་དཀྱིལ་འཁོར་ནས། སྲིད་པའི་རྩེ་མོའི་བར་འདི་དག་ནི་རྫུན་པ་ཡིན་ཏེ། དེ་དང་པོ་ནས་ཡོད་མ་མྱོང་བ་ཡིན། དཔེར་ན་རྨི་ལམ་ན་ཟས་ཟོས་པ་དང་། སྐོམ་འཐུངས་པ་ལ་སོགས་པ་རྨི་ཡང་། གཉིད་སད་པ་ན་གང་ཡང་མ་གྲུབ་པ་དེ་༼༥ན༽བཞིན་དུ། ད་ལྟར་འཁོར་བའི་ཆོས་སྣ་ཚོགས་སུ་སྣང་ཡང་། བདེན་པ་མཐོང་བའི་དུས་སུ་གང་ཡང་མ་གྲུབ། དེས་ན་ད་ལྟ་ཡང་བདེན་པར་མཐོང་བ་ཡང་རྫུན་པ་ཡིན་ལ། རྫུན་པའི་ངོ་བོ་ཡང་བདེན་པ་ཡིན། སྣང་བ་རྨི་ལམ་སྒྱུ་མ་ཙམ་དུ་ཤེས་པར་བྱའོ། །ནང་འཛིན་པའི་སེམས་འདི་ཉིད་ཀྱང་ངོས་བཟུང་མེད་པ་ཡིན་ཏེ། དང་པོ་མ་སྐྱེས། ཐ་མ་མི་འགག །རྒྱུ་རྐྱེན་གྱིས་མ་བསྐྱེད་དེ། གང་དུ་ཡང་འགྱུར་བ་མེད། མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །ཅེས་གསུངས། སངས་རྒྱས་ཀྱི་ཐུགས་ལ་མངའ་བ་དང་། སེམས་ཅན་གྱི་སེམས་གཉིས་ལ་བཟང་ངན་མེད། རྟོགས་མ་རྟོགས་ཀྱི་ཁྱད་པར་ཡིན། བློས་བྱས་ཀྱི་སྟོང་པ་ཡང་དང་ཡང་དུ་བསྒོམ། བརྟགས་ཏེ། སེམས་ཀྱི་ངོ་བོ་དེ་དང་པོ་ནས་མཐོང་མ་མྱོང་བར་ཡོད་པ་ཡིན། སེམས་ཀྱི་མཚན་ཉིད་ནི། རྟོག་པ་སྣ་ཚོགས་སུ་འཕྲོ་བ་འདི་སྣ་ཚོགས་སུ་ཤར་བ་ཡིན། སྐྱེས་བུ་ཤེས་རབ་ཆུང་བ་ནི། སེམས་དང་རྟོག་པ་ཐ་དད་དུ་རྟོགས། ཤེས་རབ་ཅན་ནི་གཉིས་སུ་མེད་པར་རྟོགས་ཏེ། རྟོག་པ་སེམས་ལས་བྱུང་ཞིང་སེམས་ལ་ཐིམ་སྟེ། ཆུ་དང་རླབས་བཞིན་དུ་གནས་པ་ཡིན་ནོ། །སེམས་ཀྱི་རང་བཞིན་ནི། འོད་གསལ་བ་ཅིའི་ངོ་བོར་ཡང་མ་གྲུབ་པ་ཡིན། དང་པོ་བློ་གསར་པའི་དུས་སུ། གང་ནས་སྐྱེས། གར་འགག །ཅི་ལྟར་གནས་བལྟས་པས་བློ་ངེས་པར་བྱེད་པ་ཡིན། དེ་ཉིད་བློ་ཆེར་སོང་ནས། མ་བཅོས་པའི་ཤེས་པ་རང་གསལ་ལ་འཇོག་པ་ཡིན། ཡུལ་དེ་ཉིད་ལ། དད་པ་བརྩོན་པ་གུས་པས་ནན་ཏན་གྱིས་རྒྱུན་རིང་བར་བསྒོམ་པར་བྱ་སྟེ། ཆུ་བོ་ལ་རྒྱུན་ཆད་མེད་པ་དང་། མར་མེའི་རྩེ་མོ་རླུང་གིས་མ་བསྐྱོད་པ་དང་། བུ་གཅིག་པོ་ཤི་བའི་མ་བཞིན་དུ། ཉིན་མཚན་དུ་འབད་ན། ལོ་འགའ་ཟླ་བ་འགའ་ན་དོན་གྲུབ་སྟེ་འོང་གསུང་ངོ་། །ཕ་རོལ་ཏུ་ཕྱིན་པས། ཀུན་རྫོབ་༼༥བ༽ཏུ་གཟུགས་སྟོང་པ། སྟོང་པ་ཉིད་གཟུགས་གཉིས་མེད་དུ་བཞེད་ལ། དོན་དམ་པར་ཆོས་ཐམས་ཅད་མི་དམིགས་པར་བཞེད་དོ། །དོན་དངོས་ལམ་དུ་བྱེད་པ་ནི་གསང་སྔགས་ཏེ། ཏཻ་ལོ་པས། རང་གི་རིག་པ་ནི། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཏེ་དེ་ལ་བསྟན་དུ་ཅི་ཡང་མེད། ཟེར་བ་ལྟ་བུ་སྟེ། ལྟ་བ་གཉིས་སུ་མེད་པ། ཉམས་མྱོང་རྒྱུན་ཆད་མེད་པ། སྒོམ་པ་ཕྱོགས་སུ་མ་ལྟུང་བ། སྤྱོད་པ་དགག་སྒྲུབ་དང་བྲལ་བ། འབྲས་བུ་རེ་དྭོགས་དང་བྲལ་བ་ཡིན། ཞེས་གསུང་ངོ་།། ༈ །།ཆོས་རྗེ་དྭགས་པོ་ལྷ་རྗེའི་ཉམས་ལེན་གྱི་གནད་བསྡུས་པ་ལགས།། ན་མོ་གུ་རུ། རིན་པོ་ཆེའི་ཞལ་ནས། འཆི་བ་མི་རྟག་པ་སྒོམ་པ་གལ་ཆེ། དེ་ཡང་འཆི་བ་བསྒོམས་པས་ཚེ་འདི་ལ་བློ་ལྡོག་དགོས། མི་རྟག་པ་བསྒོམས་པས་འཁོར་བ་མཐའ་དག་ལས་བློ་ལྡོག་དགོས། འཁོར་བའི་ཉེས་དམིགས་དང་ལས་རྒྱུ་འབྲས་བསྒོམས་པས། ཉེས་པ་མཐའ་དག་ལས་བློ་ལྡོག་དགོས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས། རང་ཞི་བདེ་འདོད་པ་ལས་བློ་ལྡོག་དགོས། ཆོས་ཐམས་ཅད་སྟོང་ཉིད་དུ་བསྒོམས་པས། དངོས་པོ་དང་མཚན་མར་འཛིན་པ་ལས་བློ་ལྡོག་དགོས། ཞེས་གསུང་ངོ་།།  །།ཡང་རིན་པོ་ཆེའི་ཞལ་ནས། དད་པས་ཁམས་གསོ་ནུས་པ། ཚུལ་ཁྲིམས་ལ་ངོ་ལྐོག་མེད་པ། གདམས་ངག་ལ་རང་བྱན་ཚུད་པས། ལུས་སེམས་ཀྱི་གནོད་པ་ཕྲ་མོ་སེལ་ནུས་པ། གཉེན་པོས་རྐྱེན་ཐུབ་པ་ཞིག་དགོས་གསུང་། ཡང་རིན་པོ་ཆེའི་ཞལ་ནས། ངའི་མི་རྟག་པ་འདི་སྟོན་པ་རྣམས་ཀྱི་མ་གོ །བཙུན་པོ་རྣམས་ཀྱིས་མ་གོ །ཤེས་རབ་ཅན་གྱིས་མ་གོ །དད་པ་ཅན་གྱིས་མ་གོ །མི་རྟག་པ་ནན་ལྟར་གོ་ན། ཐ་མལ་གྱི་ལོང་སྐད་ཅིག་ཀྱང་མེད་པར། དགེ་བ་འབའ་ཞིག་བྱེད་པ་སྟེ། ཆོས་ཁོ་ན་བྱེད་པ་ཞིག་འོང་བ་ཡིན་ཏེ། གསུང་། དགེ་བའི་བཤེས་༼༦ན༽གཉེན་པའི་ཞལ་ནས། ཁྱེད་ལ་ལོང་འདུག་སྟེ། ང་ལ་སྦུར་བ་རྒད་པོ་ཞིག་གི་ཚེ་ལས་མེད་གསུང་ངོ་། །ཡང་རིན་པོ་ཆེའི་ཞལ་ནས། འོ་སྐོལ་སྒོམ་ཆེན་པ་རྣམས་ལ། ནང་རྟགས་ཕྱིར་འཆར་བ་ཞིག་དགོས། ཆོས་བརྒྱད་རོ་མ་སྙོམས་རིང་ལ་ཁས་བླངས་བཟང་བས་མི་ཕན། སོ་ཚུགས་པ་དང་། མཐའ་ཆོད་པ་གཉིས་དགོས་གསུང་ངོ་།།  །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བླ་མའི་ཞལ་ནས། བློ་ངེས་སུ་འདོད་ན་ཆོས་གང་སྤྱད་ཀྱང་ཟབ། བློ་ངེས་སུ་མ་འདོད་ན་ཆོས་གང་སྤྱོད་ཀྱང་མི་ཟབ། དགེ་བཤེས་སྟོན་པས་གསང་སྔགས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་མཁྱེན་ཏེ། ཁོང་སྐྱེས་བུ་གསུམ་ལ་ངེས་པས། དུས་རྟག་ཏུ་བྱམས་དང་སྙིང་རྗེ་ལ་གོམས་པར་མཛད་པ་ལ། འགྲོ་བ་ཐམས་ཅད་དད་པར་གྱུར། ད་ལྟ་བཀའ་གདམས་ཀྱི་བསྟན་པ་དར་བར་བྱེད་པ། ཁོང་གི་སྐྱེས་བུ་གསུམ་ལ་བྱེད་པ་ཡིན། དེ་བཞིན་དུ། ལོ་ཙྪ་བ་རིན་ཆེན་བཟང་པོས་གོང་དུ་པཎྜྻི་ཏ་བཅུ་དྲུག་དང་མཇལ་ཏེ། བྱམས་སྙིང་རྗེའི་གདམས་ངག་མེད། ཇོ་བོ་ཆེན་པོ་རྗེ་དང་མཇལ་ནས། བྱམས་པ་དང་སྙིང་རྗེ་ལ་བློ་ངེས་པས། ཁོང་གྲུབ་པ་ཐོབ་པར་གྱུར། དེ་བཞིན་དུ། རྣལ་འབྱོར་པ་གསུམ་མན་ཆད་ནས་དགེ་བཤེས་ཇོ་བོ་ཡན་ཆད་བཀའ་གདམས་པ་དེ་ཐམས་ཅད་སྐྱེས་བུ་གསུམ་ལ་བློ་ངེས་པས། བྱམས་སྙིང་རྗེ་བསྒོམས་པ་ལས་བྱུང་བ་ཡིན། དེ་བས་ན། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་འདི་གལ་ཆེ། འདི་དང་པོར་མཁོ་སྟེ། འདི་མེད་ན་ཐེག་ཆེན་གྱི་ལམ་དུ་མི་ཚུད། བར་དུ་མཁོ་སྟེ། འདི་མེད་ན་ཉན་ཐོས་ལ་སོགས་པར་ལྟུང་། ཐ་མར་མཁོ་སྟེ། འདི་མེད་ན་སྐུ་གཉིས་མི་འབྱུང་ངོ་། །མི་རྟག་པ་འདི་ཡང་དང་པོར་མཁོ་སྟེ། འདི་མེད་ན་ཚེ་འདི་ལ་བློ་མི་ལྡོག །བར་དུ་མཁོ་སྟེ། འདི་མེད་ན་རྟག་པར་བཟུང་སྟེ་ཉན་ཐོས་ལ་སོགས་པར་༼༦བ༽གོལ། ཐ་མར་མཁོ་སྟེ། མི་རྟག་པ་དང་སྟོང་པ་དོན་གཅིག་ཡིན་ནོ། །ལས་དང་འབྲས་བུ་འདི་ཡང་དང་པོར་མཁོ་སྟེ། ཚུལ་ཁྲིམས་རྣམ་པར་དག་ན་ངན་འགྲོའི་སྒོ་ཁེགས་པ་ཡིན་ནོ། །བར་དུ་མཁོ་སྟེ། སྒྱུ་མ་རྨི་ལམ་ཙམ་དུ་ཚོགས་གཉིས་རྫོགས་པར་བྱེད་པ་ཡིན། ཐ་མར་མཁོ་སྟེ། ཀུན་རྫོབ་མཐར་ཕྱིན་གཟུགས་སྐུ་རྣམ་གཉིས་ཡིན། དེས་ན་ལམ་རིམ་རྩིས་སུ་ཆེ་གསུང་། དེ་རྣམས་རྒྱུད་ལ་མི་ལྡན་ན། གཉུག་མ་རབ་རིབ་ཅིག་སྐྱེས་ཀྱང་། ཡུལ་དང་ཉེ་དུ་ལ་ཆགས་ན་གཉུག་མ་དེས་མི་ཕན། མར་འགྲོ་བ་ལས་ཡར་མི་འགྲོ་གསུང་། ཚེ་འདི་ལ་ཆགས་པར་མ་བྱེད། སྣང་གྲགས་ཀྱི་ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་ལྟ་བུར་ངེས་སུ་ཆུག །བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱོངས། དེ་ལྟར་ངེས་ན་གཉུག་མ་མེད་ཀྱང་། ཁོ་ཡར་འགྲོ་བ་ལས་མར་མི་འགྲོ །འོ་ན་གཉུག་མ་རྣལ་མ་ཞིག་རྒྱུད་ལ་སྐྱེས་ན། གཉུག་མའི་ངོ་བོ། གཉུག་མའི་འབྲས་བུ། གཉུག་མའི་རྒྱུ་གསུམ། ངོ་བོ་ནི། མེད་པ་མ་ཡིན་པའི་དོན་སྐྱེ་འགག་ཐམས་ཅད་དང་བྲལ་བ་དེ་ཡིན། འབྲས་བུ་ནི། སྐྱེ་འགག་མེད་པ་དེ་ཉིད་ཆོས་སྐུ་ཡིན། དེ་ལས་གཟུགས་སྐུ་གཉིས་འབྱུང་། གཟུགས་སྐུ་ཡང་གཉུག་མའི་བདེ་གསལ་མི་རྟོག་པ་ལས་བྱུང་བས། སྐུ་གསུམ་གཉུག་མའི་འབྲས་བུ་ཡིན། བདེ་གསལ་དེ་གཏུམ་མོ་ལས་འབྱུང་བས་ན་གཉུག་མའི་རྒྱུ་ཡིན། གཉུག་མ་སྐྱེས་ཀྱང་གཏུམ་མོ་མེད་ན། ཤེས་རབ་རྐྱང་པ་ཡིན། གཏུམ་མོ་ཡོད་ན། ཐབས་ཤེས་ཡ་མ་བྲལ་བ་ཡིན་གསུང་ངོ་། །བླ་མ་མི་ལའི་ཞལ་ནས། སྒོམ་པ་ལས་མ་བྱུང་གི་ལྟ་བ་དཀའ་བས། གཏུམ་མོ་ལ་འབད་པ་གལ་ཆེ་གསུང་། གང་ཟག་དབང་པོ་རབ་འབྲིང་གསུམ་ལ་ཆོས་ཅི་ལྟ་བུ་ཞིག་དགོས་ན། ཕ་རོལ་ཏུ་ཕྱིན་པའི་བཞེད་པ་ནི། སྐྱེས་བུ་གསུམ་ལས། ༼༧ན༽སྐྱེས་བུ་མཆོག་ནི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱངས་ནས། ལྟ་བ་དབུ་མ་མཐར་ཐུག་རྟོགས་པ་ཡིན། སྐྱེས་བུ་འབྲིང་ནི། གཞི་སྐྱེས་བུ་འབྲིང་གི་ཆོས་ལ་བྱས་ནས། ཉམས་ལེན་ཆོས་ཐམས་ཅད་མི་རྟག་པར་གོ་བ་དེ་ཡིན། སྐྱེས་བུ་ཆུང་ངུ་ནི། གཞི་སྐྱེས་བུ་ཆུང་ངུའི་ཆོས་ལ་བྱས་ནས། ལག་ཏུ་ཅི་ལེན་ན། ངན་སོང་གསུམ་གྱི་སྡུག་བསྔལ་གྱིས་འཇིགས་ནས། ལས་འབྲས་ལ་ཡིད་ཆེས་ནས་རྣལ་མར་འཇོག་པ་དེ་ཡིན། དེ་ལ་སྐྱེས་བུ་ཆུང་ངུར་བཏགས་ཀྱང་། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་དུ་ཡང་། །ངན་འགྲོ་དག་ཏུ་འགྲོ་མི་འགྱུར། །ཞེས་གསུངས་སོ། །འོ་ནའང་། སྐྱེས་བུ་ཆུང་ངུ་དེ་ཡང་། ངན་སོང་གསུམ་གྱི་སྡུག་བསྔལ་ལས་འདས་ནས། མཐོ་རིས་ལྷ་མི་སངས་རྒྱས་ཀྱི་ཚོད་ཙམ་ཡིན་ཏེ། མིག་ཡར་ལ་བལྟས་པའི་དུས་ན། འཁོར་བ་གང་ལ་ཡང་སྐྱིད་མེད། འཁོར་བའི་མཚན་ཉིད་རི་བོ་མེས་ཚིག་པའི་དབུས་ན་རང་ཉིད་འདུག་པའམ། རྒྱ་མཚོའི་དཀྱིལ་དུ་གཟིངས་འབྱམས་པའམ། གཙང་པོའི་དཀྱིལ་དུ་གྲུ་འབྱམས་པ་ལྟར་རོ། །མདོར་ན། མྱ་ངན་ལས་འདས་པ་ཅི་ཐོབ་བྱེད་དགོས། སྐྱེས་བུ་འབྲིང་དེ། ཉན་ཐོས་ཀྱི་ལམ་ཡིན། དགྲ་བཅོམ་པའི་འབྲས་བུ་ཐོབ་སྟེ། དེས་མི་འོང་བས། བླ་ན་མེད་པའི་བྱང་ཆུབ་ཅི་ཐོབ་བྱེད་དགོས། དེ་ནི་ཕ་རོལ་ཏུ་ཕྱིན་པའི་ལམ་མ་ཡིན། ཐབས་བསྐྱེད་རྫོགས་གཉིས་ཡིན་ཏེ། དེ་ཡང་བསྐྱེད་རིམ་གྱིས་ཟུང་འཇུག་རྟོགས་པ་སྒྲུབ། བསྐྱེད་རིམ་འབྲིང་དང་ཐ་མ་གཉིས་ཀྱིས་ཐ་མལ་གྱི་ཞེན་པ་བཟློག །རབ་ཀྱིས་རང་ལྷར་མཐོང་། ཇི་ལྟར་མཐོང་ན། རིགས་ལྔར་མཐོང་། ལྷ་མོ་ལྔར་མཐོང་། བྱང་ཆུབ་སེམས་དཔའ་བཅུ་དྲུག་ཏུ་མཐོང་། དེ་ལ་སོགས་པ། ཕྱི་ནང་གང་བྱེད་༼༧བ༽ཀྱི་ལྷར་མཐོང་། འབྲིང་གིས་སྒྱུ་མར་ངེས། ཐ་མས་མོས་པ་བྱེད་དོ། །རྫོགས་རིམ་ནི། རབ་ཀྱིས་རང་ཉིད་སངས་རྒྱས་སུ་མཐོང་། འབྲིང་གིས་ངོ་བོ་སྐྱེ་མེད་དུ་རྟོགས། ཐ་མས་སྤྲོས་བཅས་ལ་བརྟེན་ནས་རྩེ་གཅིག་སྤྱོད་དོ། །འོ་ན་ཕ་རོལ་ཏུ་ཕྱིན་པ་དང་ཁྱད་པར་གང་ཞེ་ན། ཕ་རོལ་ཏུ་ཕྱིན་པ་དོན་སྤྱིའི་རྣམ་པ་ཡུལ་དུ་བྱེད་པ་ཞེས་བྱ་བ། ཕྱི་གཟུང་བའི་ཡུལ་འདི་གཅིག་དང་དུ་བྲལ་གྱིས་གཞིགས་ནས་སྟོང་པར་བྱེད། གཟུང་བ་མེད་ན་དེར་འཛིན་མེད། གཟུང་ཡུལ་རྩད་ཆོད་ན། འཛིན་པ་སྒྲོག་རང་བརྡལ་ལ་འགྲོ་ཟེར་ནས། ནང་འཛིན་པའི་སེམས་ལ་རྟོག་དཔྱོད་མི་གཏོང་ངོ་། །གསང་སྔགས་པ་ནི། ཕྱི་གཟུང་བའི་ཡུལ་ལ་རྟོག་དཔྱོད་མི་གཏོང་། རྒྱས་འདེབས་བྱེད། སེམས་དང་པོ་གང་ནས་སྐྱེས་བལྟས་པས། གང་ནས་ཀྱང་མ་སྐྱེས། བར་དུ་གང་ན་གནས་བལྟས་པས་གང་ན་ཡང་མི་གནས། ཐ་མ་གར་འགག་བལྟས་པས། གར་ཡང་མི་འགག །རང་བཞིན་ཅི་ལྟ་བུ་འདུག་བལྟས་པས། ཅིའི་ངོ་བོར་ཡང་མ་གྲུབ་པ། དེ་ལྟ་བུའི་དོན་ཅི་ཡང་མ་ཡིན་པ་དེ་ལ་རིག་པ་ཞེས་བྱ་སྟེ། ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་གྱི། རྣམ་རྟོག་གི་བློའི་ཡུལ་མ་ཡིན་ནོ། །དེས་ན། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །ཞེས་གསུངས་སོ། །དེ་ལྟ་བུའི་དོན་དེ་ལ་གནས་ན། ཐ་མར་མི་འཛིན་པའོ། །ཕ་རོལ་ཏུ་ཕྱིན་པ་དང་གསང་སྔགས་གཉིས་ཀྱི་ཁྱད་པར་ལ། ཕ་རོལ་ཏུ་ཕྱིན་པ་ནི་དོན་སྤྱིའི་རྣམ་པ་ཡུལ་དུ་བྱེད། དོན་སྤྱིའི་རྣམ་པ་ནི། ཆོས་ཐམས་ཅད་ཀྱི་མཚན་ཉིད་གཅིག་དང་དུ་བྲལ་གྱིས་གཞིགས་ནས། མ་གྲུབ་པ་ཞིག་ལ་བརྟེན་ནས། ཆོས་ཐམས་ཅད་མ་གྲུབ་པར་བྱས་ནས། ནམ་མཁའ་རྣམ་པར་དག་པ་ལྟར་བློས་བྱས་ནས་འཇོག་པ་ནི། དོན་སྤྱིའི་རྣམ་པ་ཡུལ་དུ་བྱེད་པ་ཡིན་ནོ། །དོན་དངོས་ལམ་དུ་བྱེད་པ་ནི། ཐབས་༼༨ན༽ལམ་དྲག་ཏུ་བཅུན་པས། རླུང་ཨ་ཝ་དྷཱུ་ཏིར་ཚུད་དེ། དེའི་དུས་སུ་རླུང་སེམས་གཉིས་སུ་མེད་པས། ཤེས་པ་གསལ་ལ་མི་རྟོག་པ་འབྱུང་སྟེ། དེའི་དུས་སུ་བླ་མ་ཞིག་གིས། ཁྱོད་ཀྱི་ཤེས་པ་གསལ་ལ་མི་རྟོག་པ་དེ་ནི། རང་གི་སེམས་རིག་པ་ཁོ་ན་ཡིན་ནོ། །ཞེས་ངོ་སྤྲད་ནས། ཁོས་དེ་ཁོ་ན་ལྟར་བསྒོམས་པས། གསལ་བ་དང་མི་རྟོག་པ་ལ་མཆོག་འཛིན་བཏང་སྟེ། རིག་པ་དེ་ལ་ངེས་ཤེས་སྐྱེའོ། །རིག་པ་དེ་ཁོ་ན་གསལ་བ་དེ་ཉིད་ལ་མ་ཡེངས་པ་ནི་ཏིང་ངེ་འཛིན་ཏོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མཐར་ཕྱིན་པ་ཆོས་ཀྱི་སྐུའོ། །ལམ་རྣམ་པ་གསུམ་ནི། གཞི་སྤོང་བའི་ལམ། གཞི་སྒྱུར་བའི་ལམ། གཞི་ཤེས་པའི་ལམ་མོ། །གཞི་སྤོང་བའི་ལམ་ནི། ཉོན་མོངས་པ་སྤོང་བར་འདོད་ཅིང་། གཉེན་པོ་ཡེ་ཤེས་རྒྱུད་ལ་སྐྱེ་བར་འདོད་པ་ནི། ཕ་རོལ་ཏུ་ཕྱིན་པའོ། །གཞི་སྒྱུར་བའི་ལམ་ནི་གསང་སྔགས་སྟེ། ཅི་ལྟར་སྒྱུར་ན། ཆོས་ཐམས་ཅད་གཞལ་ཡས་ཁང་དང་། ལྷ་དང་ལྷ་མོར་སྒྱུར། ཟས་ཐམས་ཅད་བདུད་རྩིར་སྒྱུར། རང་ལྷར་སྒྱུར། ཉོན་མོངས་པ་ཡེ་ཤེས་སུ་སྒྱུར། གཞི་ཤེས་པ་ནི། ཆོས་ཐམས་ཅད་ལ་སྤང་རྒྱུ་མེད། བླང་རྒྱུ་མེད་སྒྱུར་རྒྱུ་ཡང་མེད་པར་ཐམས་ཅད་སེམས་སུ་འདུས། སེམས་ཀྱི་རྣམ་འཕྲུལ་ཡིན། སྐྱེ་མེད་འོད་གསལ་བར་ཤེས་པ་ནི། གཞི་ཤེས་པ་སྟེ་གསང་སྔགས་སོ། །རྡོ་རྗེ་འཆང་གིས། སྒོམ་མེད་སྒོམ་པ་པོ་ཡང་མེད། །བསྒོམ་པར་བྱ་བ་ཅུང་ཟད་མེད། །ཅེས་གསུངས་ཏེ། རྣལ་འབྱོར་པ་ནི་སངས་རྒྱས་ལ་མི་ཉན། སངས་རྒྱས་མི་བདེན། སྒོམ་པ་ཡོད། ཅི་ལྟར་ཡོད་ན་རིག་པ་རང་ཡིན། ངའི་རིག་པ་གསལ་ལ་གོ་མ་འགགས་པ། རྒྱུན་ཆད་མེད་པར་འདི་སྒོམ། སྒོམ་པ་པོ་ཡོད་དོ། །ཅི་ལྟར་ཡོད་ན། ངའི་ངོ་བོ་འདིས་སངས་རྒྱས་ཀྱི་བཅད་པར་༼༨བ༽མི་ནུས་པས་ང་རང་ཡིན། བསྒོམ་པར་བྱ་བ་ཡང་ཡོད། ང་ལ་ཉམས་སུ་མྱོང་བ་ཨེན་ཙམ་ཡོད། འོ་ན་ང་སངས་རྒྱས་བདེན། ང་སངས་རྒྱས་ཀྱི་རྗེས་སུ་འབྲང་། སྒོམ་པ་མེད། ཅི་ལྟར་མེད་ན། རང་རིག་ངོས་བཟུང་དང་བྲལ་བ། དཔེ་དང་ཚིག་གང་གིས་ཀྱང་མཚོན་དུ་མེད། མཚན་མའི་ངོས་ནས་དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་གཟིགས་པར་མི་འགྱུར། དེའི་ངོ་བོ་ལ་བསྒོམ་པར་བྱ་བའི་ཡུལ་མེད། ང་གསལ་བར་མི་འདོད་དེ་ངོས་བཟུང་ཡིན། ང་མི་རྟོག་པ་མི་འདོད་དེ། དེ་ཡང་ངོས་བཟུང་ཡིན། དཔེ་གང་གིས་ཀྱང་མཚོན་དུ་མེད། ཚིག་གང་གིས་ཀྱང་ཐོག་ཏུ་མི་ཕེབས། ང་ལ་བཅས་བཅོས་མ་མང་རང་གར་ཞོག །ཅེས་གསུངས་སོ། །ཡང་རིན་པོ་ཆེའི་ཞལ་ནས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ་དང་། སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད་གཉིས་ཡིན། དེ་ལ་སེམས་ཉིད་ལྷན་ཅིག་སྐྱེས་པ་ནི། སེམས་ཀྱི་རང་བཞིན་ནམ་ངོ་བོ་དེ་ཡིན། སྣང་བ་ལྷན་ཅིག་སྐྱེས་པ་ནི། དེ་ལས་བྱུང་བའི་རྣམ་པར་རྟོག་པ་དེ་ཡིན། དེ་ཡང་ཉི་མ་དང་ཉི་མའི་འོད་བཞིན་ནམ། ཙནྡན་དང་ཙནྡན་གྱི་དྲི་ལྟ་བུ་ཡིན་ནོ། །དེ་ལ་རྟོགས་པར་བྱ་བའི་ཆོས་གསུམ་དང་། ཉམས་སུ་བླང་བའི་ཆོས་གསུམ་མོ། །རྟོགས་པར་བྱ་བའི་ཆོས་གསུམ་ནི། སྣང་བ་ལྷན་ཅིག་སྐྱེས་པ་ཅི་ཡང་མ་ཡིན་པ་ལ་སྣ་ཚོགས་སུ་ཤར་བ་ཤེས་པར་བྱ། སྣ་ཚོགས་སུ་ཤར་ཡང་དོན་ཅི་ཡང་མ་ཡིན་པར་ཤེས་པར་བྱ། གཉིས་མེད་སྨྲར་མི་བཏུབ་པར་ཤེས་པར་བྱའོ། །ཉམས་སུ་བླང་བྱའི་ཆོས་གསུམ་ནི། སེམས་ཉིད་ལྷན་ཅིག་སྐྱེས་པ། དང་པོ་རྩོལ་སྒྲུབ་དང་བྲལ་བས་ལུས་སེམས་ཁོང་གློད་པ་དང་། བར་དུ་ཐེ་ཚོམ་དང་བྲལ་བ་སེམས་མ་བཅོས་པར་སོ་མར་བཞག་པ་དང་། ཐ་མ་བྱུང་ཚོར་ཐམས་ཅད་སྐྱེ་མེད་དུ་ཤེས་པར་༼༩ན༽བྱའོ། །འཆི་བ་བསྒོམས་པས། ཚེ་འདིའི་དོན་མི་བྱེད། འཁོར་བའི་ཉེས་དམིགས་བསྒོམས་པས་འཁོར་བར་མི་སྐྱེ། ལས་དང་འབྲས་བུ་བསྒོམས་པས་ངན་སོང་དུ་མི་སྐྱེ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས་ཉན་རང་དུ་མི་ལྟུང་། ཟབ་མོ་སྟོང་ཉིད་བསྒོམས་པས། གཟུགས་ཁམས་དང་གཟུགས་མེད་ཁམས་སུ་མི་སྐྱེ། འཆི་བ་བསྒོམས་པ་ལ། ཡོན་ཏན་ལྔ། ཕན་ཡོན་གསུམ་ཡོད་དེ། གང་ཞེ་ན། སྐྱོ་བ་སྐྱེ་བ་ཡིན། དད་པ་གསོ་བ་ཡིན། བརྩོན་འགྲུས་ཅན་དུ་འགྱུར་པ་ཡིན། འཇིག་རྟེན་ལ་མི་ཆགས་པ་ཡིན། མྱ་ངན་ལས་འདས་པ་ལ་ཕྱོགས་པ་ཡིན། འཆི་བ་སྒོམ་པ་ལ་རབ་འབྲིང་གསུམ་ཡོད། རབ་ཀྱིས་དངོས་པོ་ཞག་ཏུ་མི་འཛིན། འབྲིང་གིས་ཟླ་བར་མི་འཛིན། ཐ་མས་ལོར་མི་འཛིན་པ་ཡིན་གསུང་། བླ་མའི་གདམས་ངག་ཡི་གེར་བྲིས་པའོ། །ཡང་བླ་མའི་ཞལ་ནས། མི་དམིགས་པ་གསུམ་ནི། སྦྱིན་པ་མི་དམིགས། སྦྱིན་པ་པོ་མི་དམིགས། སྦྱིན་པའི་དངོས་པོ་མི་དམིགས། སེམས་ཀྱི་རྣམ་འཕྲུལ་ཡིན། སྦྱིན་པའི་ཡུལ་མི་དམིགས། སེམས་ཀྱི་རྣམ་འཕྲུལ་ཡིན། སེམས་སྐྱེ་མེད་འོད་གསལ་བ་ཡིན། འོད་གསལ་གཉིས་འཛིན་གྱི་ཤེས་པ་དང་བྲལ་ན་མི་དམིགས་པའོ། །ཞེས་གསུངས་སོ།། ༈ །།ན་མོ་གུ་རུ། བདེ་གཤེགས་སྤྲུལ་པ་བླ་མ་དམ་པ་ཡིས། །རང་སེམས་སངས་རྒྱས་ཡིན་པར་ངོ་སྤྲད་ནས། །ངེས་ཤེས་སྐྱེས་པའི་ཉམས་མྱོང་ཚིག་དང་བྲལ། །འཁོར་འདས་གཉིས་འཛིན་རྣམ་པར་རྟོག་པ་ཡང་། །བརྗོད་མེད་སྤྲོས་བྲལ་ཆོས་སྐུའི་ངང་དུ་ཐིམ། །རྟག་ཆད་གཉིས་ཀྱི་མཚན་མ་རང་སར་གྲོལ། །ཟག་བཅས་བདེ་བ་ལུས་ཀྱི་དཀྱིལ་ནས་ཤར། །ཟག་མེད་བདེ་བ་དངོས་པོ་ཀུན་ལ་༼༩བ༽ཁྱབ། །ཞེན་པ་མེད་པའི་ལྟ་བ་ནམ་མཁའ་འདྲ། །རྒྱུན་ཆད་མེད་པའི་ཉམས་མྱོང་ཆུ་བོ་འདྲ། །རེ་དྭོགས་མེད་པའི་འབྲས་བུ་ལྷུན་གྱིས་གྲུབ། །དེ་ལྟའི་དོན་ཅིག་ཉམས་སུ་མྱོང་འདོད་པས། །བླ་མ་སྤྱི་བོར་ཁུར་བས་ལམ་ལ་ཡིད་ཆེས་བྱ། །སྡུག་བསྔལ་དང་དུ་བླངས་པས་བདེ་བ་ཤུགས་ལ་འབྱུང་། །དངོས་པོའི་ཞེན་པ་བཏང་བས་སྣང་བ་སྒྱུ་མར་འཆར། །ཐམས་ཅད་རྫུན་དུ་ཤེས་པས་ཉེ་དུའི་གདུང་སེམས་བྲལ། །གར་བདེའི་རི་ཁྲོད་འགྲིམས་ན་གནས་ཀྱི་ཞེན་པ་བྲལ། །འདུས་པ་འབྲལ་བར་ཤེས་ན་གྲོགས་ཀྱི་ཞེན་པ་བྲལ། །བསགས་པ་འཛད་པར་གོ་ན་ནོར་གྱི་ཞེན་པ་བྲལ། །ཁམས་ཀྱི་ཟས་ལ་རྟེན་ལ་ཉམས་མྱོང་སེམས་ལ་བསྐྱང་། །སྟོང་ཉིད་སྙིང་རྗེ་འདྲེས་ན་སྒོམ་ལ་གོལ་ས་མེད། །དམན་པའི་ས་ལ་འདུག་ན་དུག་ལྔ་ངང་གི་ཞི། །སྲུལ་པོའི་གོས་ལ་རྟེན་ལ་ཐབས་ཀྱི་ཞབས་ཏོག་འབད། །རིགས་དྲུག་གཡང་ས་ཆེ་བས་དམ་ཚིག་སྡོམ་པ་བསྲུང་། །མི་ལུས་ཐོབ་པར་དཀའ་བས་ད་རེས་བརྩོན་འགྲུས་འབད། །ལྟ་བ་ཚིག་ཏུ་འཆོར་བས་ཉམས་ཀྱི་བརླན་ལ་གཙོ། །ཉམས་མྱོང་བློས་བྱས་ཡིན་པས་དོན་ལ་སྙེམས་ཐག་བཅད། །ཆོས་བརྒྱད་སྔོན་དུ་སོང་བའི་སྤྱོད་པ་ཚུལ་འཆོས་ཡིན། །རེ་དྭོགས་གཉིས་དང་བྲལ་ན་འབྲས་བུ་ལྷུན་གྱིས་གྲུབ། །འགྲོ་ལ་སྙིང་རྗེ་བསྐྱེད་ན་གཞན་དོན་ཤུགས་ལས་འབྱུང་། །ཐབས་ཀྱི་དམ་པ་ཡིན་པས་བསྔོ་བས་ཟིན་པར་གྱིས། །ཉམས་མྱོང་ཡི་གེར་བཀོད་པ་མཁའ་འགྲོས་བཟོད་པར་གསོལ། །བསྡུས་པའི་ཉམས་ལེན། །ཱ།།  བླ་མ་ཏི་ཕུ་པ་དང་། ཨ་ནུ་ཏ་ར་བཛྭ་དང་། བླ་མ་མི་ལ་རྣམས། ད་ལྟར་ལམ་གྱི་ལམ་འོད་གསལ། བར་དོ་ལམ་གྱི་འབྲས་བུ་འདྲེས་པར་བཞེད་པ་ཡིན། བླ་མ་བལ་པོ་དང་ཉི་མའི་རིས་ལ་རྩོད་པ་བྱས། ལམ་གྱི་འོད་གསལ་ངོས་མ་ཟིན་པར། འབྲས་བུའི་འོད་གསལ་བར་དོར་ཟིན་པ་མི་སྲིད། གདམས་ངག་མེད་པ་རྣམས་འོད་གསལ་ལས་ལངས་ནས། ལུས་ཚོལ་བས་འཁོར་བར་སྐྱེ་གསུང་། ཟུང་འཇུག་རྣམ་འགྱུར་གྱི་མན་ངག་ཡིན། བླ་མ་རྗེ་བཙུན་རྣམས་ལ་ཕྱག་༼༡༠ན༽འཚལ་ལོ། །བདག་ཉིད་བདེ་ཡིད་དག་ལ་གདུང་མི་བྱ། །བདག་ཉིད་ཟ་ཞིང་འཐུང་ལ་གཉིས་སྦྱར་ཏེ། །དགའ་བའི་ཡིད་ཀྱིས་སྤྲོ་བར་བྱེད་པ་ནི། །ང་དག་ཡང་དང་ཡང་དུ་འཁོར་ལོ་འགེངས། །ཆོས་འདིས་འཇིག་རྟེན་ཕ་རོལ་འགྲུབ་འགྱུར་ཏེ། །རྨོངས་པས་འཇིག་རྟེན་མགོ་བརྟགས་བཞག་ནས་སོང་། །ཞེས་བྱ་བའི་དོན་ནི། རྣལ་མའི་དོན་ནོ། །གཉུག་མའི་དོན་ཉིད་ཉམས་སུ་མྱོང་བ་ནི། རྣལ་འབྱོར་པ་བདག་ཉིད་ལ་བདེ་བ་སྐྱེས་ཀྱང་། ཡིད་གདུང་བར་མི་བྱའོ། །འོ་ན་བསྒོམ་པར་བྱ་བ་མ་ཡིན་ནམ་ཞེ་ན། རྣལ་འབྱོར་པ་བདག་ཉིད་གཉུག་མའི་ཏིང་འཛིན་དེ་དག་གི་ཟས་ཟ་ཞིང་། བླ་མའི་གདམས་ངག་སྐོམ་དུ་འཐུང་ལ། བདེ་བ་དང་སྟོང་པ་དང་གུས་པའི་སྒོ་ནས་ཡུན་རིང་དུ་ཉམས་སུ་བླངས་པས་འབྱུང་ངོ་། །ལུས་སེམས་སྦྱངས་པའི་རྟགས་མང་དུ་འབྱུང་སྟེ། སྲོག་དྷཱུ་ཏིར་ཚུད་པའི་སྟོབས་ཀྱིས། རྟགས་ལྔ་དང་ཕན་ཡོན་བརྒྱད་ལ་སོགས་པ་ཡོན་ཏན་མང་དུ་འབྱུང་ངོ་། །དེ་ལྟ་བུའི་ལུས་སེམས་བདེ་བ་ཅི་བྱུང་ཡང་ཞི་གནས་ཡང་ཡིན་ཏེ། འོན་ཀྱང་རྟགས་ལྔ་དང་ཕན་ཡོན་བརྒྱད་པོ་དེ་ཞི་གནས་དང་། ལྷག་མཐོང་ཟུང་དུ་འབྲེལ་བ་ལས་འབྱུང་སྟེ། དམིགས་པ་ཕྲ་མོ་ཟིན་པའི་གནས་པ་ལྟེང་ལྟེང་ལ་མི་འབྱུང་ངོ་། །དེ་ལྟ་བུའི་ཏིང་ངེ་འཛིན་དེ་བསམ་གཏན་དང་པོའི་དངོས་གཞི་ཡིན་གསུང་། དེ་ཡང་ལུས་ཀྱི་རྣམ་པར་ཤེས་པའི་བསམ་གཏན་གྱི་དགའ་བ་སྒོམ་པ་ཡིན་གསུང་། བླ་མ་སེམས་ཀྱི་སྟོང་ཉིད་མངོན་སུམ་དུ་བྱས་པ་ཅིག་གིས། སྐྱེ་མེད་ངེས་སུ་འཇུག་སྟེ། མ་ངེས་ན་སྣང་བ་ལམ་ངེས་པ་ཞེས་བྱའོ། །དེ་ཡང་། ལུས་ཀྱི་རྣམ་པར་ཤེས་པ་ཟག་བཅས་ཀྱི་བདེ་བ་མངོན་སུམ་གྱིས་སྐྱེ་མེད་དུ་ངེས་སུ་འཇུག་སྟེ། མ་ངེས་ན་སྣང་ལ་མ་ངེས་པ་ཞེས་བྱ་སྟེ། སོ་སོར་བརྟགས་མིན་གྱི་འགོག་པར་འགྲོ །ཐུན་མོང་གི་ལམ་པོ་ཡིན་པས་གར་སྐྱེ་ཆ་མེད་གསུང་། ངེས་པའི་༼༡༠བ༽ཤེས་པ་སྐྱེས་ན། རྟོག་པ་དང་བྲལ་བའི་སྟོང་ཉིད་ཀྱི་ཡུལ་མངོན་སུམ་གྱིས་རབ་ཏུ་ཤེས་གསུང་ངོ་། །སེམས་སྐྱེ་མེད་ཀྱི་ངོ་ལ་མ་ངེས་ན། བླ་མའི་ཞལ་ནས། དེ་དེ་ཡིན་ཏེ་དེ་དེ་མིན། །སྡོང་པོ་ཡིན་ཏེ་འབྲས་བུ་མིན། །ཡོན་ཏན་ཡིན་ཏེ་རྟོག་མེད་མིན། །ཞེས་གསུང་། ཇོ་བོའི་ཞལ་ནས་ཀྱང་། ངེས་སྦྱངས་བག་ཆགས་བྲལ་བས་རྣལ་འབྱོར་མ་མཐོང་བ། །ནམ་མཁའི་མེ་ཏོག་བླངས་པས་འཇིགས་པ་མཐོང་བ་འདྲ། །ཞེས་གསུངས། །དེ་བས་ན། ཆོས་ཐམས་ཅད་སེམས་ཀྱི་རང་བཞིན་ཡིན་པས། སེམས་ཀྱི་ཆོས་ཉིད་རྟོགས་ན་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྟོགས་པ་ཡིན་ནོ། །དེས་ན། སེམས་ཀྱི་རང་བཞིན་གཟུང་འཛིན་གཉིས་དང་བྲལ་བའི་ཆོས་སྐུའི་ངོ་བོ་དེ། རྫོགས་པའི་སངས་རྒྱས་བྱོན་ཡང་རུང་། མ་བྱོན་ཡང་རུང་སྟེ། གནས་པས་ན་རྟག་ཅེས་བྱའོ། །དེ་ལ། རྣམ་པར་རྟོག་པ་རྣམས་སྤངས་པ། །གཟུང་དང་འཛིན་པ་དང་བྲལ་བ། །ཡེ་ཤེས་འདུས་མ་བྱས་པ་སྟེ། །རྒྱུ་དང་རྐྱེན་གྱི་མ་བསྐྱེད་པ། །ཞེས་གསུངས་སོ། །དེ་ལྟ་བུའི་སེམས་ཀྱི་ཆོས་ཉིད་རྟོགས་པ་ནི། ཟག་པ་མེད་པའི་སྡོམ་པ། ས་དང་པོས་མངོན་སུམ་ཡིན་ཏེ། སེམས་ཀྱི་སྟོང་ཉིད་ལ་ངེས་ཤེས་སྐྱེས་པའི་ཕྱིར་རོ། །དེ་ལ་ཇི་ལྟར་སྐྱེས་ན། གཟུགས་བརྙན་ནམ། སྒྱུ་མ་ཡུལ་གྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པ་བཞིན་དུ། སེམས་སྒྱུ་མ་དང་ཆུ་ཟླ་ལྟར། རང་གིས་རང་ལ་ངེས་པའི་ཤེས་པ་འདྲེན་ནོ། །དེ་ལྟར་སེམས་ཉིད་སྟོང་པ་ཉིད་ལ་ངེས་པ་ཐོབ་པ་ལ་ཚད་མས་ངེས་པ་ཞེས་བྱའོ། །རང་རིག་རྟོག་པ་མེད་པ་ཡིན། །སྟོང་ཉིད་མངོན་སུམ་ངེས་གྱུར་པ། །བདེ་ཆེན་རྟོག་པ་མེད་པ་དང་། །ཁྱད་པར་མེད་པ་སྐལ་མཉམ་མཐོང་། །ཞེས་གསུངས་པས། ནང་དུ་སེམས་ཀྱི་སྟོང་ཉིད་རྟོགས་པའི་ཤུགས་ཀྱིས། ཕྱིའི་ཡུལ་སྟོང་པར་རྟོགས་པ་ནི། རྣལ་༼༡༡ན༽འབྱོར་གྱི་མངོན་སུམ་ཡིན་གསུང་། དེ་ཡང་། དང་པོའི་ཤེས་པ་ངོས་ཟིན་ན་དེ་ཉིད་ཡིན་ཏེ། ཤེས་རབ་ཀྱི་མིག་གིས་སེམས་ལ་བལྟས་ལ། སེམས་ཀྱི་ངོ་བོ་ལ་ཐོག་མཐའ་ཡོད་པ་མ་ཡིན་ཏེ། ནམ་མཁའ་དང་འདྲའོ། །དབུས་ནི་ཅི་ཡང་མ་ཡིན་པའི་ཕྱིར་བདག་གིས་སྨྲ་བར་མི་ནུས་སོ། །ཞེས་གསུངས་ཏེ། ཐ་མལ་གྱི་ཤེས་པའི་ངོ་བོ་དེ་ལ། བསྒོམ་བྱ་སྒོམ་བྱེད་ཀྱི་བསམ་གཏན་དང་བྲལ་བས། སྒོམ་དུ་མེད་དེ་སྒོམ་པའི་མཆོག །ཅེས་བྱའོ། །རང་བཞིན་གྱིས་དག་པའི་སེམས་ཀྱི་ངོ་བོ་སྟོང་ཉིད་མངོན་སུམ་དུ་མཐོང་བ་དེ་ལ། ཆོས་ཀྱི་སྐུ་ཞེས་བྱ་སྟེ། དེ་ཡང་། ཟླ་བ་ཚེས་པ་དང་། སེང་གེ་ཕྲུ་གུའི་དཔེ་དང་། བྱིས་པ་ཆུང་ངུའི་དཔེས་རྟོགས་པར་བྱའོ། །དེ་ཡང་མ་བཅོས་པར་བཞག་པས་ཉམས་སུ་མྱོང་སྟེ། མྱོང་བའི་དོན་དེ་ལ། ཡང་དང་ཡང་དུ་ངེས་པ་ཐོབ་པར་བྱ། །ཡུན་རིང་དུ་གནས་ཤིང་མི་འགྱུར་བ་ལ་ཡོན་ཏན་དུ་མི་ལྟ། འཆིང་བའི་བསམ་གཏན་དུ་འགྲོ་གསུང་ངོ་། །རང་བཞིན་གྱི་ངོ་བོ་ནི་སེམས་མ་བཅོས་པ་ཡིན་ཏེ། འདིའི་དོན་ཉམས་སུ་མྱོང་ཞིང་རྟོགས་པ་ཐོབ་པ་ནི། སྐྱེ་འཇིག་དང་བྲལ་བ་དང་། དུས་ཐམས་ཅད་པ་དང་། རྒྱུན་ཆད་མེད་པ་དང་། མི་འགྱུར་བ་དང་། ཐམས་ཅད་ལ་ཁྱབ་པ་དང་། དོན་དེ་རྣམས་ཉམས་སུ་མྱོང་ཞིང་རྟོགས་པ་ཐོབ་ན། དོན་དམ་པ་མཐོང་བ་ཡིན་ཏེ། ད་ནི་སུ་ལའང་དྲི་བར་མི་བྱའོ། །ཞེས་གསུངས་སོ། །དེ་ཡང་དང་པོ་དམིགས་པ་དང་རྩོལ་བས་མི་སྒྲུབ། བར་དུ་མི་གནས། ཐ་མར་ཉམས་དང་རྟོགས་པ་དང་མ་བྲལ་བར་བྱའོ། །དུས་རྟག་ཏུ་དྲན་པ་རྒྱུན་ཆགས་ཀྱི་ཏིང་ངེ་འཛིན་དང་མི་འབྲལ་བར་བྱ། ལྷན་ཅིག་སྐྱེས་པའི་ཉམས་དང་མི་འབྲལ་བའི་སྒོ་ནས། ཟག་པ་མེད་པར་ལུས་སེམས་ཕབ་སྟེ་སྦྱངས་པའི་ཡོན་ཏན་ཐོབ་པར་བྱ། བྱམས་སྙིང་རྗེས་ཀུན་༼༡༡བ༽ནས་བསླངས་པའི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དང་མི་འབྲལ་བར་བྱའོ།། ༈ །།ཆོས་རྗེ་རིན་པོ་ཆེས། སྐལ་ལྡན་ཇོ་མོ་ལ་གདམས་པའོ།།  བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྟེན་གྱི་གང་ཟག་དད་པ་ཅན་སྐྱེ་ཤིས་འཇིགས་ནས། ཆོས་ཚུལ་བཞིན་དུ་བྱེད་པར་འདོད་པས། དབེན་པའི་གནས་སུ། བདེ་བའི་སྟན་ལ་སྐྱིལ་ཀྲུང་གིས་བསྡད་ལ། དབུགས་གློད། ལུས་བསྲང་། མིག་སྣ་རྩེར་དབབ། ལྕེ་རྩེ་རྐན་ལ་གཏད། ལག་པ་མཉམ་བཞག་བྱ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ། འགྲོ་དྲུག་གི་སེམས་ཅན་མ་རྒན་རྣམས་ཀྱི་དོན་དུ། སྐྱེ་མེད་ཀྱི་དོན་བསྒོམ་སྙམ་དུ་བསམ་ལ། རང་ཡི་དམ་གྱི་ལྷར་སྒྱུ་མ་ཙམ་དུ་མོས་པ་བྱས་ལ། རང་གི་སེམས་ཉིད་ངོ་བོ་འདི་དང་པོར་སྐྱེ་བ་མེད། བར་དུ་གནས་པ་མེད། ཐ་མར་འགག་པ་མེད། དངོས་པོ་ཁ་དོག་ཏུ་གྲུབ་པ་མེད་པས། དེ་སྒོམ་ན་ཡང་། སྐྱེ་བ་དང་། གནས་པ་དང་། འགག་པ་དང་། དངོས་པོ་དང་། ཁ་དོག་ཏུ་གྲུབ་པ་མེད་པས་ན། སེམས་ཁ་དོག་དངོས་པོ་གང་དུ་ཡང་མ་གྲུབ་པས། མ་གྲུབ་པར། སིང་ངེ་། ཡེ་རེ། ལྷང་ངེ་། ལྷན་ནེ། ཙན་ནེ། ལྷམ་མེ། ལྷུག་གེ །མ་བཅོས་པར་བསྒོམས་པས། སེམས་ལ་འོད་གསལ་འཆར། ལུས་ལ་བདེ་དྲོད་འབར། མཚན་མ་རང་སར་གྲོལ། མཉམ་བཞག་དང་རྗེས་ཐོབ་ཁྱད་པར་མེད་དེ། དཔེ་ཆུ་ལ་ཁ་བ་བབས་པ་དང་འདྲ། སྔར་འདྲིས་ཀྱི་མི་དང་ཕྲད་པ་འདྲ། བདེ་གསལ་མི་རྟོག་པའི་ཉམས་འཆར། དབུགས་ཕྱི་ནང་དུ་རྒྱུ་བ་མི་ཚོར། རྣམ་རྟོག་ལ་སྐྱོན་དུ་མི་ལྟ། བྱིང་རྒོད་ཀྱི་དབང་དུ་མི་བཏང་། ཡུན་ཐུང་ལ་གྲངས་མང་དུ་བསྒོམ། ངང་ངམ་ཤུགས་ཀྱིས་ནམ་དང་ཉིན་མོ་འུད་འུད་འཆར། དེ་ལྟར་བསྒོམས་པས། མཐར་ཐུག་རང་དོན་དུ་ཆོས་སྐུ། གཞན་དོན་དུ་གཟུགས་སྐུ་རྣམ་༼༡༢ན༽གཉིས་འཆར་རོ། །ཉམས་སུ་བླངས་ན་དངོས་གྲུབ་ཐོབ། །ལམ་འབྲས་བུ་དང་བཅས་པའོ། །འགྲོ་དྲུག་སེམས་ཅན་མ་ལུས་པ། །ཕྱག་རྒྱ་ཆེན་པོ་མྱུར་ཐོབ་ཤོག །རི་ཁྲོད་དཔལ་གྱི་ལྡོམ་བུ་བས། སྐལ་ལྡན་ཇོ་མོ་ལ་གདམས་པའོ། །གསངས་ནས་བསྒྲུབས་ན་ཆོས་སྐུ་འབྱུང་ངོ་། །རྡོ་རྗེ་འཆང་། ཏཻ་ལོ་པ། ནཱ་རོ་པ། མར་པ་ཆོས་ཀྱི་བློ་གྲོས། མི་ལ་བཞད་པ་རྡོ་རྗེ། སྙི་སྒོམ་བསོད་ནམས་རིན་ཆེན། ཤོ་སྒོམ་བྱང་ཆུབ་ཡེ་ཤེས། ཇོ་གདན་ལེགས་མཛེས། དེ་ལ་སློབ་དཔོན་ལྷ་སྒོམ་གྱིས་ཞུས་པའོ། །