མདུན་ངོས། » གསར་རྩོམ། » རང་རྩོམ་བོད་གཞས་ཁག། » བོད་ལྗོངས་དྲན་གླུ།

བོད་ལྗོངས་དྲན་གླུ།

 

བོད་ལྗོངས་དྲན་གླུ།

 

དངས་གཙང་ནམ་མཁའི་ཀློང་ནས། །
རབ་དཀར་ཆུ་འཛིན་གཡོ་དུས། །
གངས་རིའི་རྭ་བས་འཁྱུད་པའི།
ཕ་ཡུལ་གངས་ཅན་དྲན་བྱུང༌། །
ཕ་ཡུལ་གངས་ཅན་དྲན་བྱུང༌། །

 

འདབ་ལྡན་ལྗོན་པའི་རྩེ་ནས། །
ཁུ་བྱུག་གསུང་སྙན་ཐོས་ཚེ། །
ལྷ་ཡི་དཔལ་ལ་འགྲན་པའི། །
དབྱར་གྱི་དཔལ་ཡོན་དྲན་བྱུང༌། །
དབྱར་གྱི་དཔལ་ཡོན་དྲན་བྱུང༌། །

 

 

 

ཚང་ཚིང་ནགས་ཀྱི་ཚལ་ནས། །
གླང་པོའི་ཁྱུ་ཚོགས་རྒྱུ་ཚེ། །
སྟོབས་ཀྱི་ཤ་ཤེད་རྫོགས་པའི། །
གཡག་རོག་དར་མ་དྲན་བྱུང༌། །
གཡག་རོག་དར་མ་དྲན་བྱུང༌། །

 

དབང་ཕྱོགས་ཤར་རིའི་ཕྲག་ནས། །
འགྲོ་བའི་སྒྲོན་མེ་ཤར་ཚེ། །
གསེར་འོད་ལྷམ་མེར་འཕྲོ་བའི། །
ལྷ་ལྡན་ཕོ་བྲང་དྲན་བྱུང༌། །
ལྷ་ལྡན་ཕོ་བྲང་དྲན་བྱུང༌། །

 

 

དྲིན་ལྡན་བླ་མའི་ཞལ་ནས། །
བརྩེ་ཆེན་གདམས་ངག་སྟོན་ཚེ། །
བྱམས་བརྩེའི་འཛུམ་བརྒྱ་བཞད་པའི། །
དྲིན་ཅན་ཕ་མ་དྲན་བྱུང༌། །
དྲིན་ཅན་ཕ་མ་དྲན་བྱུང༌། །

 

ཟང་ཟིང་དུས་རབས་ཁྲོད་དུ། །
འཕྲུལ་ཆས་བྲན་གཡོག་གྱུར་དུས། །
བག་ཕེབས་ཞི་བདེས་འཚོ་བའི། །
ང་ཚོའི་མི་རིགས་དྲན་བྱུང༌། །