མདུན་ངོས། » གསར་རྩོམ། » གྲགས་རྩོམ། » བསྟོད་པ་བཀླགས་པའི་འཆར་སྣང༌།

བསྟོད་པ་བཀླགས་པའི་འཆར་སྣང༌།


བསྟོད་པ་བཀླགས་པའི་འཆར་སྣང༌།

དོན་གྲུབ་རྒྱལ་གྱི་གསུང་རྩོམ་ལས་དྲངས།
 

མཁས་པའི་ཕྲག་གི་ཐེམ་སྐས་ལ། །
རྩོམ་གྱི་རྐང་སྟེགས་འཇོག་མཁས་པའི། ། 
མཁས་རློམ་གཞོན་ནུར་གུས་བཏུད་དེ། ། 
བསྟོད་པའི་དཔྱད་པ་འདི་ཙམ་ཤོར། ། 

 


རིག་རྩོམ་དེབ་ཀྱི་གངས་ཁྲོད་དུ། ། 
བསྟོད་ཚིག་གཡུ་རལ་གསིག་པ་ཡི། ། 
འདམ་གྱི་གདོང་ལྔ་འགའ་ཞིག་གིས། ། 
ཆོ་ངེ་སྒྲ་ལ་ངོ་མཚར་འཛིན། ། 


མཁའ་ལྡིང་མགྲིན་པའི་ཕུག་པ་རུ། ། 
ནེ་ཙོའི་རོ་འཛིན་མི་མཛེས་ཀྱང༌། ། 
འདི་དག་སྨྲ་བའི་རྒྱལ་པོ་མཆོག ། 
དབྱངས་ཅན་དགའ་མས་འཁྱུད་འདི་མཚར། ། 

 

 

མཁས་པས་གསོལ་འདེབས་བརྒྱ་བྱས་ཀྱང༌། ། 
ངག་གི་དབང་ཕྱུག་མ་གྲུབ་པར། ། 
འདི་དག་བསྟོད་ཚིག་ཡ་གཅིག་གིས། ། 
དབྱངས་ཅན་ཁུགས་པ་དེ་བས་མཚར། ། 

 


རིག་རྩོམ་སྒྱུ་རྩལ་སྐྱེད་ཚལ་དུ། །  
ས་མོས་སྣ་བརྒྱ་མཛེས་མོད་ཀྱི། །   
མདོག་ལེགས་མེ་ཏོག་སྣ་གཅིག་གིས། ། 
ཁེངས་ན་དཔྱིད་དཔལ་ཉམས་མིན་ནམ། ། 


བསྟོད་པ་བྲིས་ན་ལོས་ཆོག་ཀྱང༌། ། 
ཧ་ཅང་བསྟོད་པ་ཐལ་ཆེས་ན། ། 
གང་གཱའི་ཆུ་བོ་རྒྱ་མཚོར་བཞིན། ། 
སྨད་པའི་བ་ཚྭར་ངེས་པར་འགྱུར། ། 

 


རྩོམ་རིག་སྒེག་མོའི་མགུལ་རྒྱན་དུ། ། 
བཅོས་མའི་མེ་ཏོག་ཉེར་ཕུལ་ཀྱང༌། ། 
དཔྱོད་ལྡན་རྐང་དྲུག་གསར་པའི་ཁྱུས། ། 
སྦྲང་རྩིའི་དགའ་སྟོན་ཇི་ལྟར་མྱོང༌། ། 


དོན་མེད་ཚིག་གི་ཤིང་སྐམ་ལ། །  
མདོ་མེད་ལོ་འདབ་བརྒྱ་བཏགས་པ། ། 
གཞན་ཕན་མེ་ཏོག་ལྟར་སྣང་ཡང༌། ། 
འབྲས་བུ་སྨིན་པ་སྲིད་ན་མེད། ། 

 


འཚོ་བའི་རླུང་གིས་མ་གཡོས་པའི། ། 
རྩོམ་གྱི་མཚོ་མོའི་རླབས་ཕྲེང་ནི། ། 
བརྒྱ་ལམ་ཙམ་ན་མཆིས་སྲིད་ཀྱང༌། ། 
ལྦུ་བ་བཞིན་དུ་ག་ལ་རྟག ། 


ལེགས་བཤད་ནོར་བུ་འདིའོ་ཞེས། ། 
མཆིང་བུའི་མངོན་བརྗོད་འགའ་བསྟན་ནས། ། 
བླ་མར་བླ་མ་མིན་བྱེད་པའི། ། 
དོན་མཐུན་འདི་དག་སྙིང་རེ་རྗེ། །   

 


ལོང་བ་དག་ལ་སྤྱན་སྟོང་ཅན། ། 
འཐེང་པོ་ལ་ནི་མགྱོགས་འགྲོ་ཞེས། ། 
བསྟོད་ཚིག་མེ་ཏོག་རབ་བསྟོར་ཀྱང༌། ། 
ཞིབ་ཏུ་དཔྱད་ན་སྙིང་པོས་དབེན། ། 


བརྗོད་བྱའི་དོན་ནི་བཅོས་མིན་ན། །   
རྗོད་བྱེད་ཚིག་གི་སྡེབ་ལེགས་ཀྱང༌། ། 
“བསྟོད་པ”ཞེས་པའི་མཚར་སྙན་གྱི། །
མདུང་ཐུང་སྒྲ་འཛིན་དཀྲུག་མིན་ནམ། ། 

 


རྒྱུན་དུ་མངར་ཟས་བསྟེན་པ་ཡི། ། 
སྐྱེས་བུ་དེ་ཡིས་འཇིགས་པ་བཞིན། ། 
རྟག་ཏུ་བསྟོད་པ་འབུལ་རྣམས་ཀྱང༌། ། 
ཕུགས་སུ་ནོངས་པའི་རྒྱུ་རུ་ཟད། ། 


བེམ་པོའི་ལུས་ལ་སྲོག་ཞུགས་ཚེ། ། 
རྣམ་པར་ཤེས་པའི་མཚན་ཉིད་ལྡན། ། 
རྗོད་བྱེད་ཚིག་ལ་དོན་སྟོངས་ཚེ། ། 
སྲོག་མེད་རྩོམ་གྱི་བེམ་པོ་ཉིད། ། 

 


དོན་དང་ལྡན་མིན་མི་དཔྱོད་ལ། ། 
ཚིག་སྦྱོར་ལེགས་ཉེས་མི་བརྟགས་པར། ། 
བསྟོད་པའི་མཛེས་མ་མཐོང་འཕྲལ་དུ། ། 
དུས་དེབ་བག་མར་བསུ་འདི་མཚར། ། 


དེང་རབས་རྩོམ་གྱི་ལྷ་ལམ་ངོས། ། 
སྒྱུ་རྩལ་འཕུར་མདའ་བགྲོད་པའི་ཚེ། ། 
“བསྟོད་པའི”བོང་བུ་ལ་ཞོན་ནས། ། 
མཁའ་ལ་འཕུརའདོད་ངལ་བའི་རྒྱུ། ། 

 


མཁས་པའི་ལེགས་བཤད་ཆུ་ཡི་གཏེར། ། 
བ་ལངརྨིག་རྗེས་བཞིན་འགེངས་པའི། ། 
དེང་གི་གཞོན་ནུ་འགའ་ཞིག་ནི། ། 
སེང་གེའི་ལྷག་མ་བཟའ་བར་དགའ། ། 


བསྟོད་པའི་རྩོམ་གྱི་རྫ་གོག་ཏུ། ། 
སྡོར་ཐལ་ཚྭ་གསུམ་མི་འདེབས་པར། །  
རོ་བཅུད་རྩི་གསུམ་འདོན་པ་ལ། ། 
ཟྭ་ལ་ཟྭ་ཀ་བཏབ་པས་ཅི། ། 

 


ཨ་ཁུ་འབྲོང་གི་དབང་བོ་རྣམས། ། 
གསེར་ལས་གྲུབ་ཅེས་བསྟོད་མཁས་པའི། ། 
རི་བོང་བློ་ལྡན་འདི་དག་གི། ། 
གཏམ་ལ་ཆ་འཇོག་ཅི་ཞིག་ཡོད། ། 


སྒྱུ་རྩལ་མཛེས་མའི་རིན་ཐང་དེ། ། 
བསམ་བློའི་སྲང་ལ་མི་འདེགས་པར། ། 
རྩོམ་གྱི་གཉེན་དོན་གཏམ་པ་ཡི། ། 
སྙུག་ཐོགས་གཞོན་ནུ་བག་ཡོད་བྱོས། ། 

 


ལེགས་པར་བརྟགས་ཤིང་དཔྱད་པ་ཡི། ། 
རྩུབ་མོའི་ཚིག་གི་ལྕགས་ཀྱུ་འདིས། ། 
དད་ལྡན་ཉ་མོ་འཛིན་དཀའ་ཡང༌། ། 
ལྷག་བསམ་ཕོ་ཉའི་ཚུལ་དུ་བཏང་། ། 


རང་མཚང་སྟོན་པ་དྲང་པོའི་གཏམ། ། 
རྣ་ལ་དུག་གི་ཚེར་མ་བཞིན། ། 
ཐོས་པས་མི་སྙན་ཁ་བའི་སྨན། ། 
ཕུགས་སུ་ཕན་འབྲས་ཆེ་ཞེས་གསུང༌། །