མདུན་ངོས། » གསར་རྩོམ། » ཞང་ཞུང་སྐོར། » ཞང་ཞུང་གི་མངའ་ཁོངས་ལ་ཅུང་ཙམ་དཔྱད་པ།

ཞང་ཞུང་གི་མངའ་ཁོངས་ལ་ཅུང་ཙམ་དཔྱད་པ།

 

ཞང་ཞུང་གི་མངའ་ཁོངས་ལ་ཅུང་ཙམ་དཔྱད་པ།
རིན་སྤུངས་པ་ཚུལ་ཁྲིམས་བསྟན་འཛིན།

 

དེ་ཡང་གནའ་བོ་ཞང་ཞུང་ནི་ས་ཁོངས་མངའ་དབང་རྒྱ་ཆེ་བ་དང་། ཤེས་རིག་དང་དམངས་སྲོལ་གྱི་རིག་གནས། ཆོས་ལུགས་ཀྱི་རིག་གཞུང་སོགས་ཀྱི་མ་ལག་འཐུས་སྒོ་ཚང་ཞིང་། ཕྱི་ལ་རྒྱལ་ཁབ་ཀྱི་ཆབ་སྲིད་མཁས་ཆེན་དང་། ནང་ལ་ཞང་ཞུང་ནང་བསྟན་རིག་གཞུང་མཁས་ཆེན་དང་གྲུབ་པ་ཐོབ་པའི་གྲུབ་བརྙེས་རིག་འཛིན་གོང་མའམ་སྐྱེས་ཆེན་མང་བོ་ཞིག་བྱོན་ཕེབས་གནང་ཡོད་ལ། ཞང་ཞུང་ངམ་དེང་ཆའི་མངའ་རིས་ནི་བོད་མི་རིགས་ཀྱི་རིག་གཞུང་མ་ལག་ཚུགས་སའི་གནས་ཤིག་ཡིན་པ་མ་ཟད། འཛམ་གླིང་གི་རིག་གཞུང་མང་བོ་ཞིག་དང་ཁྱད་པར་དུ་རིས་མེད་ཀྱི་ཆོས་ལུགས་ཁག་གི་འབྱུང་གཞིའམ་ཁུངས་གཏུགས་ཤིག་བྱེད་ཡུལ་ཆགས་ཡོད།  དཔེར་ན་ནང་བ་གཤེན་རབ་ཀྱི་བསྟན་པ་འབྱུང་ཁུངས་ཀྱང་ཞང་ཞུང་ལ་ངོས་འཛིན་པ་དང་། དེ་བཞིན་རྒྱ་གར་གྱི་རིག་བྱེད་སྨྲ་བ་དག་དང་ཕྱི་རོལ་བའི་གྲུབ་མཐའ་སོགས་ཆོས་ལུགས་མང་བོ་ཞིག་གི་འབྱུང་སའི་གཙོ་བོའམ་བརྩི་མཐོང་གལ་ཆེ་གནང་བའི་གནས་ཤིག་རེད། ཞང་ཞུང་གི་མངའ་ཁོངས་སམ་ཁྱབ་ཁོངས་ནི། གནའ་རབས་ལོ་རྒྱུས་སོགས་སུ་གསལ་བ་ལྟར་ན་འཛམ་གླིང་གི་སུམ་ཆ་གཅིག་ཞང་ཞུང་གི་ཁོངས་སུ་འདུས་ཚུལ་སོགས་བཤད་ཡོད་ལ། གང་ལྟར་ང་ཚོས་བསམ་གཞིག་དང་ཞིབ་འཇུག་གང་ཟབ་རེ་བྱས་ཚེ་ཞང་ཞུང་གི་མངའ་ཁོངས་འཛམ་གླིང་གི་སུམ་ཆ་གཅིག་མེད་ཀྱང་སྟོད་ཏ་ཟིག་ནས་སྨད་རྒྱལ་རོང་དང་སུམ་པ་སོགས་ཀྱི་བར་ནི་གནའ་བོ་ཞང་ཞུང་གི་མངའ་ཁོངས་སུ་འདུས་ཡོད། མངའ་ཁོངས་དབྱེ་ཚུལ་ཀྱང་། ཞང་ཞུང་ཕུགས་པ་དང་། ཞང་ཞུང་བར་བ། ཞང་ཞུང་སྒོ་བ་བཅས་གསུམ་དུ་དབྱེ་བ་དང་། ཞང་ཞུང་སྒོ་བ་ལ་ཡང་སྒོ་ཕུགས་བར་གསུམ་དུ་ཕྱེ་བ་སྟེ། སྒོ་བའི་ཕུགས་པ་ཁྱུང་ལུང་དངུལ་མཁར་དང་། སྒོ་བའི་བར་པ་དྭང་ར་རྟ་སྒོ། སྒོ་བའི་སྒོ་བ་སུམ་པ་གླང་གི་་གྱིམ་ཤོད་དེ་གསུམ་དུ་ཕྱེ་བ་དང་། སྒོ་བའི་ཕུགས་པ་ནི་དེང་ཆ་བོད་གངས་ཅན་གྱི་སྟོད་ཕྱོགས་མངའ་རིས་ཕྱོགས་སུ་ཡིན་པ་དང་། སྒོ་བའི་བར་བ་ནི་དེང་ཆ་བོད་གངས་ཅན་གྱི་ནག་ཆུ་ས་ཁུལ་དྭང་རའི་ཕྱོགས་ཡིན་པ་དང་། སྒོ་བའི་སྒོ་བ་ནི་དེང་ཆ་བོད་ཀྱི་མདོ་ཁམས་ཀྱི་ཕྱོགས་ཆབ་མདོ་སྟེང་ཆེན་གནས་རི་བོ་རྩེ་དྲུག་སོགས་ཡིན་པ་ལོ་རྒྱུས་སྨྲ་བ་མང་བོ་ཞིག་གིས་ངོས་འཛིན་གནང་བ་ཡོད་ལ།
དེ་ལ་འདིར་ཆེད་དུ་དམིགས་བསལ་ཞང་ཞུང་སྒོ་བའི་སྒོ་བ་སྐོར་ལ་ཅུང་ཙམ་དཔྱད་པ་ལ། གནའ་དེང་གི་ཞང་བོད་ལོ་རྒྱུས་སྨྲ་བ་ཕལ་ཆེས་ཞང་ཞུང་སྒོ་བའི་སྒོ་བ་ཡི་ཁྱབ་ཁོངས་ནི་ཁྱུང་བོ་སྟེང་ཆེན་གྱི་རི་བོ་རྩེ་དྲུག་གི་ཁོར་ཡུག་ཁོངས་སུ་འདུས་པ་འདོད་མོད་ཀྱང་། རང་ཉིད་ཀྱིས་བསམ་ཚུལ་ལམ་དཔྱད་པ་ལ་ཞང་ཞུང་སྒོ་བའི་སྒོ་བ་ནི་སྟོད་ཁྱུང་བོ་རི་བོ་རྩེ་དྲུག་ནས་མདོ་སྨད་ཁམས་ཀྱི་ཤར་རྒྱལ་མོ་ཚ་བ་རོང་སོགས་ཀྱང་སྒོ་བའི་སྒོ་བ་ཡི་ཁོངས་སུ་འདུས་པ་འདོད། དེང་གི་ཆ་ལ་མཚོན་དཀར་མཛེས་ཁུལ་རོང་བྲག་རྫོང་དང་བརྒྱད་ཟིལ་རྫོང་། རྔ་བ་ཁུལ་གྱི་བཙན་ལྷ་རྫོང་། འབར་ཁམས་རྫོང་། ཟིང་ཆུའམ་སུམ་པ་རྫོང་སོགས་ཀྱང་སྒོ་བའི་ཁོངས་སུ་འདུས་པ་སྟེ། ད་ཆ་ལ་ཡང་གོང་གི་ཡུལ་དེ་དག་ཏུ་ཞང་ཞུང་གི་གནའ་རྫས་སྣ་ཚོགས་དང་དེ་འབྲེལ་གྱི་ཡིག་རིགས་ཡོད་པ། གཞན་ཡང་ཁོང་ཚོའི་སྐད་ཆ་ལ་ཡང་ཞང་ཞུང་གི་སྐད་མང་བོ་ཡོད་ཅིང་། ད་དུང་ས་མིང་ངམ་ཡུལ་མིང་། སྡེ་མིང་སོགས་ལ་ཡང་ཞང་ཞུང་གི་མིང་བརྡ་སོགས་ཡིན་ལ། དཔེར་ན་ཟིང་ཆུའམ་སུམ་པའི་ཁོངས་སུ་ཞང་ངུ་ཞེས་པའི་ལུང་མི་ཞིག་ཡོད་ལ་དེའི་མིང་ཐོགས་ཚུལ་ཁྱང་བཤད་སྒྲོས་ལ་བོད་བཙན་པོ་སྐབས་སུ་ཞང་ཞུང་གི་མངའ་ཁོངས་བོད་དུ་དབང་བསྡུས་སྐབས་ཞང་ཞུང་བ་མང་བོ་ཞིག་ས་ཆགས་མ་ཐུབ་པ་ངུ་ཞོར་ལ་ཟིང་ཆུའམ་སུམ་པར་བྲོས་བྱོལ་དུ་ཡོང་ནས་དེར་ས་ཆགས་པའི་ཞང་ངུ་ཞེས་ཐོགས་པ་གྲགས། ད་ལྟ་ཡང་ཞང་ངུ་ཁོག་གི་རྒན་རབས་རྣམས་ཀྱི་བཤད་སྲོལ་ཡོད་ལ། དེ་མ་ཟད། ཞང་ཞུང་ནས་ཁྱེར་ཡོང་བའི་མཁར་གཞུང་སོགས་ད་ལྟའང་ཡོད་ལ། མཁར་གཞུང་སོགས་གནའ་རྫས་དེ་དག་ནི་ལོ་རྒྱུས་ཀྱི་བདེན་དཔང་ཞིག་ཡིན་ལ་ད་བར་དུ་ལོ་ངོ་ཆིག་སྟོང་ལྷག་སོང་ཡོད། གཞན་ཡང་ཞང་ཞུང་གི་རྒྱུད་གཞུང་མང་བོ་ནང་ལ་བྱུང་བའི་རིག་འཛིན་ཆེན་མོ་ཟིང་བ་མཐུ་ཆེན་ཀྱང་ཟིང་ཆུའམ་སུམ་པར་ཕེབས་ནས་བསྟན་འགྲོའི་དོན་མཛད་པ་དང་། ཁྱད་པར་དུ་འོག་མིན་དབྱིངས་ནས་ཟིང་དུ་འབབས་པའི་གཏེར་ཆུ་ཞིག་དྲངས་པས་ཡུལ་དེ་ལ་ཡང་ཟིང་ཆུ་ཞེས་མིང་ཐོགས་པ་དང་། རིག་འཛིན་ཁོང་གི་མཚན་ཟུར་ཟིང་བ་ཞེས་པ་དེ་ཡང་དེ་ནས་ཐོགས་པ་ཡིན་ལས་ཆེ། ཡུལ་ལུང་འདི་དག་ལ་ཡང་ཞང་ཞུང་བཀའ་མ་ཡི་དམ་མེ་རི་དང་སྤྱི་འདུལ། གེ་ཁོད་སོགས་ཡིན་ལ། དེ་ལྟར་ཞང་ཞུང་སྒོ་བའི་སྒོ་བ་ཁྱབ་ཁོངས་ལ་སུམ་པ་གླང་གི་གྱིམ་ཤོད་ཅེས་པ་དེ་ཡང་སྨད་སུམ་པ་༼དེང་ཆ་མདོ་སྨད་རྔ་བ་ཁུལ་ཟིང་ཆུ་རྫོང་༽ནས་སྟོད་གླང་གི་གྱིམ་ཤོད་བར་ལ་ཞང་ཞུང་སྒོ་བའི་སྒོ་བ་ཡི་ཁྱབ་ཁོངས་སུ་འདོད་ལ། དེ་བཞིན་འབར་ཁམས་རྒྱལ་རོང་དང་རོང་བྲག་རྫོང་ལ་ཡང་ཞང་ཞུང་གི་ཤེས་རིག་དང་འབྲེལ་བའི་དམངས་སྲོལ་རིག་གནས་དང་གླུ་བྲོ་སོགས་ཡོད་པ་རྒྱལ་རོང་ཞིབ་འཇུག་སོགས་ཀྱི་དཔེ་དེབ་མང་བོ་ཡོད་ལ། ཆེད་དུ་ཞིབ་འཇུག་བྱས་པའི་དཔྱད་རྩོམ་སོགས་ལ་ཡང་འཛམ་གླིང་གི་མཁས་དབང་མང་བོ་ཞིག་གིས་ཀྱང་བདེན་འཇོག་དང་དོ་སྣང་སོགས་ཀྱང་བྱེད་བཞིན་ཡོད། གང་ལྟར་སྨད་སུམ་པ་ནས་སྟོད་གླང་གི་གྱིམ་ཤོད་བར་ནི་ཞང་ཞུང་སྒོ་བའི་སྒོ་བ་ཡི་མངའ་ཁོངས་ཡིན་པའི་སྐོར་ལ་ད་དུང་བདེན་དཔང་མང་བོ་ཡོད་མོད་གནས་སྐབས་ལ་དེ་ཙམ་གྱིས་མཐར་བསྡུས་པའོ། །རྗེས་ཕྱོགས་འདིའི་སྐོར་ལ་ཞིབ་རྒྱས་ཤིག་འབྲི་འདོད་ཡོད།
ཞེས་རིན་སྤུངས་ཚུལ་བསྟན་གྱིས་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་དུ་༢༠༡༡་༡༠་༡༠ཉིན་བྲིས་པ་དགེའོ། །