མདུན་ངོས། » གསར་རྩོམ། » ཡ་ཐོག་རྩོམ་རིག » གནའ་བོའི་འདུར་ཐབས་ཆོ་གའི་ཚིག་དོན།

གནའ་བོའི་འདུར་ཐབས་ཆོ་གའི་ཚིག་དོན།

 

གནའ་བོའི་འདུར་ཐབས་ཆོ་གའི་ཚིག་དོན།

རང་གི་རྩོམ་རིག་ཞིབ་འཇུག་སྡེ་ཚན་ནས་དྲངས། 

བོན་གྱི་འདུར་ཐབས་ཀྱི་ཆོ་ག་ནི་གཙོ་བོ་རྒྱུ་ཐེག་བཞིའི་ནང་ཚན་སྲིད་གཤེན་ཐེག་པ་ཞེས་པ་ལས་ཡོང་བ་ཞིག་ཡིན་ལ། སྐབས་དེའི་ཆོ་གའི་བྱེད་སྒོ་ནི་སྐྱེ་བོ་གང་ཞིག་ཤི་བའི་ཚེ་སྲོག་གཅོད་པར་བྱེད་པའི་གཤེད་ཅེས་གཟུགས་མེད་ཀྱང་སྟོབས་ཤུགས་དང་ལྡན་པའི་འདྲེའམ་འབྱུང་པོ་གང་ཞིག་ཡོད་པར་ངོས་འཛིན་པ་ཡིན་ཞིང་། དེས་མི་དེའི་བླ་ཡིད་སེམས་གསུམ་ཁྱེར་ཏེ་འགྲོ་བ་མིའི་གྲལ་ནས་རང་དབང་མེད་པར་བཏོན་ཡོད་པར་ངོས་འཛིན་པ་ཡིན་པ་མ་ཟད། ཚེ་འདས་དེ་ཉིད་ལའང་རེ་ཞིག་གཤེད་པོ་དེས་དབང་བྱེད་དེ་སྡུག་བསྔལ་དང་འཇིགས་སྐྲག་གི་གནས་སུ་སྐྱེལ་བར་བྱེད་ཀྱི་ཡོད་པས་འདུར་ཐབས་ཀྱི་ཆོས་ལུགས་བྱེད་སྒོ་དེས་ཚེ་འདས་དེ་གཤེད་དང་ཁ་འབྲལ་ཏེ་གནས་སྐབས་བདེ་གནས་སུ་འགོད་པར་བྱེད་པའི་ཐབས་སྟོན་གྱི་ཡོད་པ་རེད། བོན་ལུགས་སུ་མུ་ཆོ་ཁྲོམ་འདུར་ཞེས་པའི་ཆོག་གཞུང་འདི་ནི་ཆེས་རིན་ཐང་དང་ལྡན་པའི་ཆོག་གཞུང་ཞིག་ཏུ་བརྩི་བ་ཡིན་པས་འདིར་དོན་གནད་ཁག་ཅིག་འདྲེན་རྒྱུ་ཡིན།

མུ་ཆོའི་ཁྲོམ་འདུར་༼གཤེན་བོན་རང་ཡུལ་ནས་ཆས་པའི་ཆས་ཐབས༽ངོས་༨༤ལས། ཀྱེ་དེ་རིང་ཕ་ཆས་བོན་ཆས་ན། ཆས་རབ་དང་པོ་སུ་ལ་བླངས། སྔོན་གྱི་སྲིད་པ་དང་པོ་ལ། སྐྱེ་ཤི་ལས་༼༨༥༽ཀྱི་ཁ་འཁོར་བས། ནམ་མཁའི་ལྷ་བོན་མང་རབ་གཅིག། ས་ཡི་རྒྱལ་མཛད་དུ་བྱོན། ནམ་མཁའ་དགུ་རིམ་ཁང་བཟང་ནས། ཁ་འཛིན་ཡེ་གཤེན་དབང་རྫོགས་ཆོས། ཡེ་སྲིད་གཏོ་རབས་གཏན་ལ་ཕབས། གཤེན་ཡུལ་ཧོས་ཀྱི་ལྗངས་ཚལ་ནས། སྤྲུལ་སྐུ་འདུར་གཤེན་རྨ་ད་ཆོས། མི་བླ་རྨ་ད་དུལ་གྱི་ཚོལ། ཤེལ་གྱི་རྡོ་རིང་བྱ་སླག་ནས། འདུལ་གཤེན་ཁུ་བྱུག་གསུང་སྙན་ཆོས། གཤེན་གསོན་བར་གྱི་མྱ་ངན་སངས། སྲིད་ཡུལ་ཐང་མ་ལྡེམ་དྲོ་ནས། སྲིད་གཤེན་མུ་ཆོ་ལྡེམ་དྲུག་ཆོས། བསྐལ་སྲིད་གཤེན་གསུམ་ཆོ་རབ་མཁྱེན། དབལ་ཡུལ་ཁ་བོ་གངས་སངས་ནས། མཐུ་ཆེན་༼༨༦༽དབལ་བོན་རུམ་པོ་ཆོས། ཚེ་འདས་སྲིད་རྩལ་གྱིས་འདུལ། དབལ་མཁར་ཁྱུང་རི་ཁྱུང་རྫོང་ན། གྲི་བོན་རོག་པོ་ཐུགས་དཀར་ཆོས། གྲི་ཐོ་འཛུག་ཅིང་གྲི་འགབ་གཅོད། རྒོད་རི་དཀར་པོའི་རྩེ་མོ་ནས། རྒོད་བོན་ཐང་ཡག་ལྡེམ་པ་ཆོས། གྲི་རྒོད་གཡེན་རྒོད་གཏོད་ལ་གནོན། སུམ་ཅུ་རྩ་གསུམ་ལྷ་ཡུལ་ནས། མནོལ་ཐུབ་ཡེ་ངམ་གྱིམ་གང་ཆོས། མནོལ་སྨེའི་བག་ཆགས་སེལ་གྱིས་བསལ། གླིང་བཞིའི་ཚངས་པའི་སྒོ་བཞི་ནས། སྦྱངས་བོན་ལྷ་ཚངས་རྒྱལ་བ་ཆོས། མི་བླ་མཚུན་སྒྱུར་ལྷ་རུ་སྐྱོལ། སྲིད་པ་སྟོང་སྡེ་བཅོ་བརྒྱད་ནས། མཐོ་རིས་བདེ་བའི་ཆ་ལ་བཀོད། ད་ཡང་སྔོན་གྱི་དཔེ་ལུང་ལྟར། ང་འདུར་གཤེན་འདུལ་ལ་ཆས་ཙམ་ན། ལྷ་རྒྱུད་བོན་རྒྱུད་གཤེན་རྒྱུད་དང་། ལྷ་རབས་བོན་རབས་གཤེན་རབ་ཀྱི། ང་ལ་དབང་སྐུར་བྱིན་ཕོབ་ཅིག། ཞེས་འདུར་ཆོག་འདིའི་ལྷ་གང་ཞིག་ཡིན་པ་གསལ་བར་བསྟན་ཡོད་པ་རེད།

ཡང་དེའི་ངོས་༩༥༼ཆེ་རྩོད་ལྷང་འགྲན་གྱི་ལེའུ༽ལས། འདས་པ་ཕོང་བཙུན་ཁྱོད་ཉིད་ཀྱང་། དེ་སྔ་འཇིག་རྟེན་མི་ཡུལ་དུ། ཁ་འདོད་ཙམ་ལ་དབང་ཆེ་ཡང་། ང་མཐུ་ལྡན་འདུར་གཤེན་མཐོང་ན་འཇིགས། འདུར་གཤེན་མཐོང་ན་མི་འཇིགས་ན། ཁྱོད་ལ་མགོན་སྐྱབས་སུ་ཞིག་ཡོད། ཁྱོད་དེ་སྔར་རང་དབང་ཆེ་སྙམ་ན། སྔར་གྱི་དུས་སུ་སྔར་ཡིན་གྱིས། ད་ནི་ཚེ་འཕོས་ལུས་བརྗེ་བས། ཕ་རོལ་༼༩༦༽ཕྱིན་པའི་བར་དོ་དེར། རང་དབང་ཆུང་ལ་ལས་དབང་བཙན། ཁྱོད་མ་ཤི་གསོན་གྱི་དུས་ཙམ་ན། མཐོ་བའི་ལྷ་ལ་དོ་རུ་བསྡོ། དམའ་བའི་འདྲེ་ལ་བརྡུངས་ཤིང་བཏུལ། བར་གྱི་མི་ལ་དོ་ཆོད་བྱས། ལྷ་འདྲེ་མི་གསུམ་ཡོ་དང་འགྲས། གསོན་གྱི་ཡོན་ཏན་གཤེན་གྱི་གདོས། རང་གི་ལས་བྱས་རང་ལ་སྨིན། དེ་བས་ལས་ངན་རྣམ་སྨིན་རྣམས། བདག་འདུར་གཤེན་སྨྲང་གིས་སྦྱངས་དགོས་པས། ཤི་གསོན་གཉིས་ཀྱི་ས་མཚམས་ནས། ལན་ཅིག་འདུར་གཤེན་སྨྲང་ལ་ཉོིན། ཞེས་པ་ནི་གོང་དུ་བརྗོད་པ་ལྟར་འདུར་གྱི་དགོས་པ་ནི་ཚེ་འདས་དེ་ཉིད་གཤེད་དང་ཁ་འབྲལ་བའི་ཐབས་ཡིན་མོད་ཀྱང་། སྐབས་འདིེར་ཚེ་འདས་དེ་ཉིད་ལ་འདུར་གཤེན་གྱིས་འཇིགས་རྔམ་སྟོན་ཏེ་འདུལ་བའི་ཚུལ་བསྟན་འདུག་པ་ནི་ཕལ་ཆེར་ཚེ་འདས་དེ་ཉིད་ཤི་བ་ངོས་མ་ཟིན་པའམ་གཤེད་ཀྱིས་དབང་བསྒྱུར་ཟིན་ཏེ་འབྱུང་པོ་ལྟ་བུར་འགྱུར་གྲབས་ཡོད་པ་ཞིག་ལ་འདུར་བྱེད་པའི་བརྒྱུད་རིམ་ལ་སྦྱར་བ་ཡིན་ནམ་སྙམ་སྟེ། སྐྱེ་བོ་འགའ་ཞིག་གཡུལ་འཁྲུག་སོགས་ཀྱིས་གྲི་རུ་ཤི་བའི་ཚེ་ན་འཆི་ཁའི་བསམ་སྦྱོར་མ་རུང་བ་དང་། འདྲེ་ངན་གྱིས་དབང་སྒྱུར་ཏེ་མི་མ་ཡིན་གྱི་འཁོར་དུ་འགྱུར་འགྲོ་བའི་སྐབས་ཡོད་པས་ལྷག་པར་དེ་དག་ལ་འདུར་གྱི་ཆོ་ག་བྱེད་དགོས་པར་བསྟན་ཡོད་པ་རེད། དཔེར་ན་སྔོན་རྒྱལ་པོ་གྲི་གུམ་བཙད་པོ་འབངས་ལོ་ངམ་གྱིས་བཀྲོངས་པ་ལ་རྒྱལ་སྲས་སྤུ་ལྡེ་གུང་རྒྱལ་གྱིས་སྐབས་དེའི་འདུར་གཤེན་གདན་དྲངས་ཏེ་ཀོང་ཡུལ་བྲེ་སྣར་རྒྱལ་གྱི་གྲི་འདུར་བྱས་པས་གསོན་པོ་བཀྲ་ཤིས་པ་དང་གཤིན་པོ་གནས་འཕར་བའི་ཕན་ཡོན་བྱུང་ངོ་ཞེས་སྔོན་གྱི་ལོ་རྒྱུས་སུ་འཁོད་ཡོད་པ་ལྟ་བུ་རེད། །

མུ་ཆོ་ཁྲོམ་འདུར་ཞེས་པའི་དཔེ་འདི་ལ་ལེའུ་ཚན་རྣམས་ཀྱི་ཁ་བྱང་ཐོག་ཏུ་སྔགས་ཀྱི་ཁྲོམ་འདུར་ཞེས་བྲིས་ཡོད་ཀྱང་དེའི་རྣམ་པ་ནི་རྒྱུ་བོན་གྱི་རྣམ་པ་ལྡན་ཡོད་པ་རེད། ཆོ་ག་འདིའི་བྱུང་ཁུངས་ཀྱི་བརྒྱུད་རིམ་ལའང་ཆེས་ཡ་ཐོག་གི་རྒྱུ་བོན་དང་འབྲེལ་བའི་རྣམ་པ་གསལ་ཡོད་དེ། ༼ཐང་ཁྲིམས་བཤད་པ༽ངོས་༡༠༧ལས། ཡུལ་ནི་གཤེན་ཡུལ་དྲུག་ཅུ་རུ། ཡབ་གཅིག་སྟོན་པ་གཤེན་རབ་དེ། སྐུ་ལ་སྐྱེ་ཤི་མི་མངའ་ཡང་། ལན་ཅིག་མི་རྟག་འདས་ཚུལ་བསྟན། དེར་སླད་ན་མུ་ཆོ་འོལ་དྲུག་དང་། སློབ་མ་གཤེན་བརྒྱད་ཧོས་ལ་འདུས། གཤེན་བརྒྱད་ཧོས་ལ་འདུས་པ་ཡིས། ཡབ་ལ་ཅུ་གང་འདེབས་ཙམ་ན། གཡེན་ཁམས་མང་པོར་འདུན་མར་འདུས། བོན་ནི་གཤེན་རབ་མི་བོ་འདི། མི་གྲངས་༼མ་གྲོངས༽གསོན་གྱི་དུས་ཙམ་ན། གཡེན་ལ་ཁ་ཆེ་དོས་དྲག་ནས། ང་མ་ཉེས་པ་ལ་ཆད་བཅད་པ། དེ་ཡི་ལེ་ལེན་བསྙག་གོ་སྐད། ཁ་བ་བུ་ཡུག་རླུང་དམར་དང་། ཐོག་སེར་གཤའ་བུད་ནད་ཡམས་འབེད། དེར་གཤེན་རྒྱལ་ཧོས་ཀྱིས་འདུར་གོང་དུར། མི་སྨྲ་གཤེན་ལ་གཡེན་དལ་བབས། གཤེན་འཁོར་མང་པོ་བརྒྱལ་ཞིང་རིང་། གཤེན་རྒྱ་འདུས་པ་སྐྲགས་ཤིང་བསྔངས། དེ་ལ་མུ་ཆོ་ཐུགས་མ་བདེ། གཤེན་༼༡༠༨༽རབ་ཡབ་ཀྱི་ལྷ་དབང་བདར། གཤོག་པ་ནག་པོ་མཛོད་ལྡན་ཕྱར། མཚེ་ཉུངས་འབྲུ་བདུན་གནམ་དུ་གཏོར། གཤེན་རབ་ཡབ་ལ་འོ་དོས་བོས། གཤེན་རབ་སྤྲུལ་པ་ཅིར་ཡང་མངའ། གཡུ་བྱ་ཁུ་བྱུག་ཅིག་ཏུ་སྤྲུལ། ཕྱག་མཚན་གཤོག་པའི་རྩེ་ལ་བབས། ཞལ་ནས་གཤེན་ངག་ལྷང་ལྷང་འདོན། བདག་གཤེན་རབ་མྱ་ངན་འདས་མ་ཡིན། བོན་གཤེན་བཙན་པོ་ནུབ་མ་ཡིན། ངས་མྱ་ངན་འདས་ཚུལ་བསྟན་འོག་ཏུ། གནམ་ས་བར་སྣང་ལྷ་ཀླུ་དང་། སྡེ་བརྒྱད་བོན་གྱི་བཀའ་སྡོད་རྣམས། གཤེན་ལ་ཆབ་གང་མི་འབུལ། དེ་འཛུག་བར་དུ་གཅོད་ལ་རིང་། སྣང་སྲིད་གཡེན་ཁམས་རྣ་རེ་ཆུང་། ད་རྣ་ཆུང་གཤེན་གྱི་ངོ་ལེན་ནས། གཅོལ་ཆུང་ན་རོ་བུ་ཙ་དགོས། དེ་སྐད་ཡབ་ཀྱི་ལུང་བྱོན་པས། སྲིད་བོན་མུ་ཆོ་ལྡེམ་དྲུག་གིས། སྤྲེའུ་ནི་ཚོར་རོ་མི་བཞིན་དང་། གྲུམ་པ་ཐོད་དེ་རྨ་བོ་གཉིས། སོ་ཟུག་༼༡༠༩༽འདབ་ཅན་བྱ་མ་བྱི། ཐུབ་ཆོད་གཤེན་དུ་མངའ་གསོལ་ནས། གཡེན་ཁྲིམས་འདུས་པའི་ངོ་ལོན་དུ། ཐུབ་ཆོད་སྤུན་གསུམ་སྣ་ལ་འདོར། གཡེན་ཁྲིམས་དལ་འབེབས་སླར་ལ་ཞི། ད་ཡང་སྔོན་གྱི་དཔེ་སྲོལ་དུ། ཕང་བཙུན་འདི་ཡི་འདུར་གོང་དུ། སྲི་བསད་གཅན་བཏུལ་བྱེད་སྐབས་སུ། ཐང་ཁྲོམ་བཤས་ལ་གྱེར་སྐབས་སུ། ཞེས་སོགས་ཀྱིས་དཔོགས་ནུས་པ་ཡོད།