མདུན་ངོས། » གསར་རྩོམ། » ཡ་ཐོག་རྩོམ་རིག » གནའ་བོའི་མོ་ཚིག་རྩོམ་རིག

གནའ་བོའི་མོ་ཚིག་རྩོམ་རིག

གནའ་བོའི་མོ་ཚིག་རྩོམ་རིག

ཟིན་བདག་རང་གི་རྩོམ་རིག་ཞིབ་འཇུག་སྡེ་ཚན་ནས་དྲངས།

སྟོན་པ་གཤེན་རབ་ཀྱིས་ཐེག་པ་རིམ་དགུ་བསྟན་པར་གྲགས་པའི་ནང་ཚན་ཐེག་པ་དང་པོ་ཕྱྭ་གཤེན་ཐེག་པ་ནི་གཙོ་བོ་ཕྱྭ་གཤེན་ལེགས་རྒྱལ་ཐང་པོ་སོགས་ཀྱི་ངོར་མོ་གཏོ་སྨན་དཔྱད་བཞི་བསྟན་པའི་ནང་ཚན་མོ་ཞེས་པ་དེ་ཡིན། དེའི་མོ་ལ་རྣམ་པར་དབྱེ་ཚུལ་ཅི་ཞིག་ཡོད་པ་མཁས་མཆོག་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་གྱིས་༼ སྲིད་པ་འཕྲུལ་གྱི་ཇུ་ཐིག་གི་དཔྱད་དོན་སྣང་གསལ་སྒྲོན་མེ་བཞུགས། ཞེས་པ་༼ མི་ཕམ་གསུང་འབུམ་ཇ་པ་ངོས་༥༽ལས་གསལ།༽གསུངས་པ་ལྟར་ཤེས་དགོས་ཏེ། མོ་ལ་རྣམ་པ་བཞི་ཡིན་ཏེ། །ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་དང་། །ཡེ་མཁྱེན་སྒྲ་བླའི་མངོན་ཤེས་དང་། །ཡེ་རྗེ་སྨོན་པའི་རྨི་ལམ་དང་། །ཡེ་དབང་ལྷ་ཡི་བཀའ་བབ་བོ། །ཀུན་ལས་སྔ་བ་མོ་འདི་ནི། །ཞང་ཞུང་ཐང་པོ་ཆེ་ཞེས་པར། །ཁྱུང་ལུང་དངུལ་གྱི་མཁར་ནང་དུ། །སྟོན་པའི་སྐུ་ལས་སྤྲུལ་པ་ཡིན། །འཕྲུལ་གཤེན་ཀུན་ཤེས་ཐང་པོས་བསྟན། །དེ་ནས་རིམ་པར་བརྒྱུད་པ་ཡི། །བཀའ་དང་གཏེར་གྱི་ཚུལ་དུ་བྱུང་། །འགྲོ་བའི་བླང་དོར་མིག་ཏུ་གྱུར། །ཞེས་གསལ་བ་དེ་དག་མོའི་བྱེ་བྲག་ཇུ་ཐིག་འདིའི་བྱུང་རིམ་བསྟན། ལུགས་འདི་ཆེས་སྔ་མོའི་ལུགས་སྲོལ་ཞིག་ཡིན་པ་མཁས་དབང་ནམ་མཁའི་ནོིར་བུ་རིན་པོ་ཆེ་ནས་གསུངས་ཡོད་དེ།༼ཞང་བོད་ལོ་རྒྱུས་ཏི་སེའི་འོད་ངོས་༡༢༦ལས༽ཇུ་ཐིག་གི་སྲོལ་འདི་དུས་རིམ་གོང་འོག་བར་གསུམ་ཀར་དར་ཁྱབ་ཆེས་ཆེ་བ་ཞིག་བྱུང་མྱོང་ཡོད་པ་ནི་ཏུན་ཧོང་བོད་ཀྱི་ཡིག་རྙིང་ཤོག་དྲིལ་གྱི་ཁྲོད་(P.T.1047)དུ་ཡིག་ཕྲེང་བཞི་པ་ནས་བརྩམས། ཡིག་ཕྲེང་བཞི་བརྒྱ་དང་གཉིས་ཀྱི་བར་ཚིག་ཚོགས་ཤིན་ཏུ་མང་བའི་ཇུ་ཐིག་གི་མོ་བཤད་ཀྱི་ཡིག་ཆ་ཞིག་དེང་དུས་རང་ཅག་གི་དབང་པོའི་མངོན་སུམ་དུ་བཞུགས་བཞིན་པ་དང་། ཞེས་སོགས་གསུངས། ༼ མཁས་དབང་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་གྱིས་ཇུ་ཐིག་གི་ཡིག་རྙིང་པོད་གྲངས་བཅུ་གཅིག་ལ་གོ་བསྡུར་ནས་སྣང་གསལ་སྒྲོན་མེ་མཛད་པ་དང་། ཇོ་བོ་མཁན་བློ་བཟང་མདོ་རྒྱུད་ཀྱིས་༼དུས་རབས་༡༨༽ཞང་ཞུང་གི་མོ་ཡིག་པོད་བཅུ་བདུན་ཙམ་གཟིགས་ནས་རྒྱུད་ཆེན་དགོངས་པ་རབ་གསལ་བྱ་བ་བརྩམས་པར་གསུངས།༽ཏུན་ཧོང་ཡིག་ཆ་ལས་བྱུང་བའི་མོ་ཚིག་རྩོམ་ཡིག་ནི། ༼  བོད་ཀྱི་རྩོམ་རིག་ལོ་རྒྱུས། ༼༢༠༠༩ལོའི་དེབ་དང་པོ་ངོས་༡༤༡༽ལས།༽ཀྱཱེ། ངང་ངུར་ནི་གསེར་མ་གཡུ། །མཐིང་བྲང་ནི་ཆབ་ཀྱི་རྐྱེན། །མེ་ཏོག་ནི་ཧ་ལོ་ཐོན། ནེའུ་གསིང་ནི་སྤང་གྱི་རྒྱན། སྤང་རྒྱན་ནི་མཐོན་བཀྲ། །སྤོས་དྲི་ནི་ཤངས་ན་གདའ། །ཞེས་དང་། ཀྱཱེ། གསེར་མཚོ་ནི་ངུར་འཕྱོ་བ། །ཉིན་ཞིག་ནི་མྱི་མྱི་ལྟར། །མཚན་ཞིག་ནི་ཁྱི་མི་ཟུགས། །ཤེལ་གྱི་སྤང་བཀྲ་ལ། །གཡང་སུམ་ནི་ངོས་ལ་འཚལ། །དགོ་སྦྱངས་ནི་ཟུར་ལ་འཚལ། །ཞེས་དང་། ཉི་ཟླ་སྐར་གསུམ་གྱི་འཆར་ཚུལ་དང་ཁྱད་ཆོས་བརྗོད་པའི་མོ་ཚིག་ནི།
༼༡༤༥༽ཀྱཱེ། དགུང་སྔོ་ནི་མཐོན་གོང་ན། །ཉི་བཙུན་ནི་འོད་དྲོ་མ། །ཉིན་ཞིང་ནི་ཀུལ་ལ་དྲོ། །མཚན་ཞིང་ནི་དགོངས་མལ་གཤེགས། །ཞེས་དང་། ཟླ་བརྩན་ནི་དུང་མདོག་ལ། །ཤེལ་གྱི་ནི་ཁ་བབ་པ། །དེང་གསལ་ནི་མ་ལགས་ན། །གནའ་གསལ་ནི་ཡོངས་ཀྱིས་གསལ། །ཞེས་སོགས་བཤད་ཡོད།  ཇུ་ཐིག་ལ་གལ་ཆེ་བའི་ཁྱད་ཆོས་གང་ཞིག་དགོས་པ་སྣང་གསལ་སྒྲོན་མེ་༼༨༠༡༽ལས། མོ་རྒྱལ་པོ་ཡིན་པས་གདན་ཞིག་དགོས། །བཙུན་མོ་ཡིན་པས་འཕྱོར་ཞིག་དགོས། །རྒྱལ་ཕྲན་བཞིན་དུ་གྲངས་ཤིག་དགོས། །ཡིག་ཆུང་བཞིན་དུ་དོན་ཤེས་དགོས། །རྣོ་མཚོན་འདྲ་བར་བརྡར་ཅིག་དགོས། །སྒྲོན་མེ་ཡིན་པས་གསལ་ཞིག་དགོས། །དྲི་ཟ་བཞིན་དུ་གསུར་ཞིག་དགོས། །སྨྲས་མ་བཞིན་དུ་ཁྲུས་ཤིག་དགོས། །རྒྱལ་བུ་ཡིན་པས་རྒྱན་ཅིག་དགོས། །རྒན་རྒོན་འདྲ་བས་གོས་ཤིག་དགོས། །མོ་བཙུན་ཡིན་པས་གླུ་ཞིག་དགོས། །སྲིད་པ་ཡིན་པས་སྨྲེང་ཅིག་དགོས། །འཕྲུལ་ཆ་ཡིན་པས་གཡུག་ཅིག་དགོས། །ཞེས་མོ་ལ་དགོས་པའི་ཁྱད་ཆོས་བཤད་ཅིང་། ཡང་དེ་ཉིད་ལས། མོ་མདུད་སུམ་བརྒྱ་དྲུག་ཅུ་ལ། །དངས་མ་བརྒྱ་དང་ཉི་ཤུ་དེ། །ལྷ་ཁམས་སྲིད་པའི་བླ་གནས་ཡིན། །མཛངས་པ་བརྒྱ་དང་ཉི་ཤུ་དེ། །མི་ཁམས་སྲིད་པའི་བླ་གནས་ཡིན། །སྙིགས་མ་བརྒྱ་དང་ཉི་ཤུ་དེ། །འདྲེ་ཁམས་སྲིད་པའི་བླ་མདུད་ཡིན། །ཞེས་མདུད་པ་དེ་དག་ལྷ་མི་འདྲེ་བཅས་ལ་སྦྱར་ཚུལ་ཡོད་པ་བཅས་གསལ། །
སྐབས་འདི་དང་འབྲེལ་ཡོད་ཡིག་ཆ་དུ་མ་ཞིག་གསལ་༼ མཁས་མཆོག་མི་ཕམ་རྣམ་རྒྱལ་རྒྱ་མཚོ་ནས་༼ སྲིད་པ་འཕྲུལ་གྱི་ཇུ་ཐིག་གི་དཔྱད་དོན་སྣང་གསལ་སྒྲོན་མེ་ངོས་༨༠༩དང་༨༡༠༽གསུངས།༽ཡོད་དེ། དཔྱད་དོན་སྒྱུ་མ་གསེར་འབུམ། གཏེར་མོ་རིག་པའི་ཁོག་བསྡོད། བྲམ་ཟེ་གོང་རུམ། བྲམ་ཟེ་ཀླུ་ཡི་བེར་ནག མ་སང་འཁོར་ལོ་མདོ་ཆེན། འཁྲུག་པའི་སྟོང་ཐུན་དམར་མོ། ནད་མོ་རིག་པའི་མདོ་བདུན། ཏི་ཚང་གཡུ་སྒྲོན་གྱི་མན་ངག ཇུ་ཐིག་སྲིད་པའི་རྒྱུད་འབུམ། ཁོག་ཆེན་འཕྲུལ་གྱི་རྒྱལ་པོ། གླིང་བཞི་ཉི་མ་འཁོར་རྩིས། སྙན་རྒྱུད་ཉི་མའི་འོད་ཟེར། སྙན་རྒྱུད་དང་ལྡེ་མིག་སྐོར། མ་སང་ཐིག་གུ་རང་སྨྲ། མོ་སྡེ་སྲིད་པའི་གཞི་འབུམ། མགྲོན་མོ་གསང་བ་སྡེ་གཅིག མོ་མཚོ་སྲིད་པའི་བླ་གནས། དགྲ་ཕྱྭ་གསང་བ་ཡང་ཁུག ས་མོ་གསེར་གྱི་ཡང་སྙིང་། མདུད་རྫོང་ཀུན་གསལ་མེ་ལོང་། མདུད་རྫོང་ཁྲ་མོ་གཞུང་ཁྲལ། རྐྱང་དཔྱད་གསལ་བའི་མེ་ལོང་། མདུད་རྫོང་རྡོ་རྗེ་གསང་བའི་ཐ་རམ། ཁོག་དབུབ་ཁྱུང་ཆེན་ལྡིང་བ། རྒྱུད་ཆེན་དགོངས་རབ་གསལ། ༼འདི་མན་ཁོང་གིས་མ་རྙེད་པ་ཡིན་པར་གསལ།༽སྨོན་ཆེན་གཡུ་ཁ་དྲུག་འདུས། ནག་རིགས་སྲིད་པའི་རྒྱུད་འབུམ། ནད་མོ་གསལ་བའི་མེ་ལོང་། བཟང་དབུ་སྦས་པའི་ལྡེ་མིག རྩོད་པ་གནམ་ལྕགས་འཁོར་ལོ། ཡོད་མཚོ་དམར་ནག རྒྱལ་པོ་སྤྲེལ་དཀར། ཇག་མོ་ཙི་ཙི་དགུ་སྐོར། རྔོན་མོ་ཁྱི་ཤ་ལྟག་སྐོར། བཅས་ཡོད་པར་གསལ།