མདུན་ངོས། » གསར་རྩོམ། » ཡ་ཐོག་རྩོམ་རིག » སྲི་འདུལ་གྱི་ཆོ་གའི་ནང་དོན་ལྷ་སྒྲུང་།

སྲི་འདུལ་གྱི་ཆོ་གའི་ནང་དོན་ལྷ་སྒྲུང་།

 

སྲི་འདུལ་གྱི་ཆོ་གའི་ནང་དོན་ལྷ་སྒྲུང་།

 

རང་གི་རྩོམ་རིག་ཞིབ་འཇུག་སྡེ་ཚན་ནས་དྲངས།

སྲི་གསས་བོང་བ་སྟག་ཆུང་གི་ལྷ་སྒྲུང་།

སྲི་གསས་བོང་བ་སྟག་ཆུང་གི་ལྷ་སྒྲུང་ནི་འགྲོ་བ་མི་རྣམས་ལ་ཆུང་སྲི་འཁོར་ནས་མིའི་རབས་ལ་གནོད་པའི་སྲི་ཡི་གཉེན་པོ་ལྷ་སྲིན་མཐུ་ནུས་ཅན་དུ་མས་བྱིན་གྱིས་བརླབས་པའི་ལྷ་སྲི་གསས་བོང་བ་སྟག་ཆུང་ཞེས་པ་སེང་གེ་དཀར་མོའི་སོ་དང་། གར་གཤོག་འབྲོང་གི་རྭ། རྒོད་ཀྱི་གཤོག་པ། སྟག་གི་སྦར་མོ། ཟངས་ཀྱི་མཆུ་སོགས་ལྡན་པའི་བོང་བ་གསོན་ཉམས་དོད་པ་ཞིག་ངོས་བཟུང་སྟེ། དེའི་བྱུང་ཁུངས་དང་དེ་མཆོད་པའི་ཡིག་རྙིང་གི་རང་བཞིན་དང་ལྡན་པའི་ཆོ་ག་ཞིག་ཡིན། དེ་ཉིད་ལས།
ཡིག་རྙིང་༼ངོས་༡ད༽ལས། བསྭོ་ཡུལ་ཅུང་མ་གི་ན། དབལ་ཡུལ་ཡ་ཀི་ན། དབལ་གཡག་གནམ་དུ་ཟངས་སེ་ཟང་། དབལ་མཚོ་ཀྱི་ལི་ལི། དབལ་རི་སྤུངས་སེ་སྤུངས། ཡུལ་ཁ་དེ་ཤེད་ནས། ཕ་དང་ཡབ་ཀྱི་མཚན། དབལ་ལྕེ་སྒོང་དཀར་ལགས། མ་དང་ཡུམ་གྱི་མཚན། དབྱིབ་དབལ་སྔོན་མོ་ལགས། སྟང་དབྱལ་གཉིས་ཀྱི་བུ། ལྕགས་ཀྱི་སྒོང་ང་སྲན་མ་ཙམ་ཞིག་བྱུང་། ཡབ་ཅིག་ལྕེའི་བྱིན་གྱིས་རླབས། ཡུམ་ཅིག་དབྱིབ་གི་འཁོར་ལོས་བཀྱག སྒོང་ང་མཐུ་ཚོལ་ཡོང་དུ་གཤེགས། ཁ་འོག་ཡུལ་དུ་བྱོན། དབལ་སོ་རྣོན་པོའི་དབང་ཅིག་བསྐུལ། བདུད་རྗེ་ཁྱབ་པའི་སྤྱན་༼༡བ༽སྔར་བྱོན། བདུད་རྗེ་ཁྱབ་པ་དབང་ཅིག་བསྐུལ། དམུ་རྗེ་བཙན་པའི་སྤྱན་སྔར་བྱོན། དམུ་རྗེ་བཙན་པ་དབང་ཅིག་བསྐུལ། བཙན་རྗེ་འཕྲོ་བའི་སྤྱན་སྔར་བྱོན། བཙན་རྗེ་འཕྲོ་བའི་དབང་ཅིག་བསྐུལ། ཏི་སེ་གངས་དཀར་རྩེ་ལ་བྱོན། སེང་གེ་དཀར་མོ་དབང་གཅིག་བསྐུར། གཡའ་མ་སྔོ་ལ་བྱོན། གར་གཤོག་འབྲོང་གི་དབང་གཅིག་བསྐུར། བྲག་དམར་ཁ་ལ་བྱོན། བྱ་རྒྱལ་རྒོད་ཀྱི་དབང་གཅིག་བསྐུར། ནགས་ཚལ་གསེབ་ཏུ་བྱོན། རྒྱ་སྟག་ཁྲ་བོའི་དབང་གཅིག་བསྐུར། རྒྱ་མཚོའི་ནང་དུ་བྱོན། ཆུ་རྗེ་དུང་གི་དབང་གཅིག་བསྐུར། ཞེས་དང་།
༼༢ད༽ཡ་མཚན་རྨད་ཀྱི་སེམས་ཅན་ཅིག ལུས་པོ་སྟག་རིས་ཁྲ་བོ་ཡིས། མགོ་བོ་གར་གཤོག་འབྲོང་རུ་ཅན། ཐང་དཀར་རྒོད་པོའི་གཤོག་པ་ཅན། སེང་གེ་དཀར་མོའི་དབལ་སོ་ཅན། བདུད་རྩི་སྨན་གྱི་རྐྱལ་བུ་ཅན། རྣོ་ངར་དབལ་གྱི་མདུང་རྩེ་ཅན། ཆེ་ཆུང་ཀུན་གྱི་སྐད་གཉན་ཅན། གཉན་གྱི་ལག་པ་ཅན། གཤེན་བོན་མིའི་ཆས་བྱད་ཅན། དེ་ལ་མིང་མདོག་མ་མཆིས། རུས་རང་གིས་བཏགས་པའི་མིང་། ལྕེན་བུ་དབྱིག་ཚང་དབལ་གྱི་གསས། སྲི་གསས་བོང་སྟག་ཆུང་གི ངས་གནམ་ཕྱི་གུང་རྒྱལ་དབང་ཐོབ་པར། བདུད་རྩི་རྐྱལ་བུ་ཡོད་པ་ཡིན། དབལ་སོ་རྣོན་པོའི་དབང་ཐོབ་པར། རྣོ་ངར་དབལ་སོ་ཡོད་པ་ཡིན། བདུད་རྗེ་ཁྱབ་པའི་དབང་ཐོབ་པར། ཁྲོ་ཚིགས་དམུ་བས་ཆེ་བ་ཡིན། དམུ་རྗེ་འཚིག་པའི་དབང་ཐོབ་པར། ཁྲོ་ཚིགས་དམུ་བས་ཆེ་བ་ཡིན། བཙན་རྗེ་འཕྲོ་བའི་དབང་ཐོབ་པར། ཞེ་སྡང་བཙན་བས་ཆེ་བ་ཡིན། སེང་གེ་དཀར་མོའི་དབང་ཐོབ་པར། ཁ་ལ་དབལ་སོ་ཡོད་པ་ཡིན། ཁོ་མོ་འབྲོང་གི་དབང་ཐོབ་པར། མགོ་ལ་འབྲོང་རུ་ཡོད་པ་ཡིན། ཐང་དཀར་རྒོད་པོའི་དབང་ཐོབ་པར། གཤོག་དྲུག་ལུས་ལ་རྒྱས་པ་ཡིན། རྒྱ་སྟག་ཁྲ་བོའི་དབང་ཐོིབ་པར། ལུས་ལ་སྟག་རིས་ཡོད་པ་ཡིན། ཆུ་རྗེ་དུང་གི་དབང་ཐོབ་པར། སྐད་ཀྱང་དུང་སྐད་འདོན་པ་ཡིན། ས་བདག་ཀླུ་གཉན་དབང་ཐོབ་པར། སའི་ཁུང་ལ་བབ་པ་ཡིན། གཤེན་རབ་མི་བོིའི་དབང་ཐོབ་པར། ཚུལ་ཡང་གཤེན་ཚུལ་སྟོན་པ་ཡིན། སྐད་ཀྱང་རང་སྐད་འདོན་པ་ཡིན། ཞེས་སོགས་སོ། །